ཉིན་གྲངས་༢ ཀྱི་རིང་ རིན་བསྡུར་འབད་སར་ མི་༥༠༠ དེ་ཅིག་གིས་ བཅའ་མར་གཏོགས་ནུག།

དབྱར་རྩྭ་དགུན་འབུབ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་འབུམ་༤ ལས་༡༨ ཀྱི་བར་ན་བཙོང་ཡོདཔ།

༉ ཁ་ཙ་ བུམ་ཐང་ཆོས་འཁོར་རྒེད་འོག་ལྟེ་བའི་ནང་ ཉིན་གྲངས་༢ ཀྱི་རིང་ དབྱར་རྩྭ་དགུན་འབུབ་ཚུ་ རིན་བསྡུར་ཐོག་ལས་བཙོངམ་ད་ སྤུས་ཚད་དང་འཁྲིལ་ གོང་ཚད་ཀེ་རེ་རེ་ལུ་ དངུལ་ཀྲམ་འབུམ་༤ ལས་༡༨ ཀྱི་བར་ན་ཐོབ་ཅི།
རྒེད་འོག་ལྟེ་བ་དེ་ ཚོང་འབྲེལ་ས་ཁོངས་ཅིག་ལུ་ གྱུར་ཡོད་མི་དེ་ཡང་ ལྕམ་མཁར་ཁྲོམ་ཁའི་ ཚོང་ཁང་མང་ཤོས་ར་ སྒོ་བསྡམས་ཏེ་ ཚོང་པ་ཚུ་ ཟ་ཆས་དང་ མཆོད་ཆས་ འགྲུལ་འཕྲིན་ལ་སོགས་པ་ བཙོང་པར་ སོང་ཡོདཔ་ཨིན་པས།
རིན་བསྡུར་ནང་ མི་༥༠༠ ལྷགཔ་ཅིག་གིས་ དབྱར་རྩྭ་དགུན་འབུབ་ འབག་འོང་ཡོདཔ་བཞིན་དུ་ ཉོ་མི་༢༠ འོང་ཡོདཔ་ཨིན་པས།
ཆོས་འཁོར་རྒེད་འོག་གི་ མི་སེར་ཚུ་ འཚོ་བ་དབྱར་རྩྭ་དགུན་འབུབ་ལུ་བརྟེན་ སྡོད་མི་ཨིནམ་ད་ ལོ་བསྟར་བཞིན་དུ་ ཟླ་ངོ་༡ གི་རིང་ ཁྱིམ་གུང་རེ་ལས་ མི་༣ ལུ་ འབུབ་བསྡུ་བསྒྱོམ་འབད་ཆོག་པའི་ ཆོག་ཐམ་བྱིན་ཏེ་ཡོདཔ་ཨིན་པས།
རིན་བསྡུར་འབད་ནིའི་དོན་ལུ་ འབུབ་ཀྱི་དབྱེ་ཁག་༡༡ བཟོ་ཡོདཔ་བཞིན་དུ་ དེ་གི་ནང་ལས་ དབྱེ་བ་༣ ཕྱེ་ཐོག་ལས་ འབུབ་ཀྱི་སྤུས་ཚད་དང་བསྟུན་ རིན་བསྡུར་འབད་དོ་ཡོདཔ་ད་ དབྱར་རྩ་ྭདགུན་འབུབ་ དབྱེ་བ་ཕྱེ་ནིའི་དོན་ལུ་ རྒེད་འོག་བདག་སྐྱོང་དང་ རིན་བསྡུར་ནང་ བཅའ་མར་གཏོགས་མི་ ནགས་ཚལ་ལས་བྱེདཔ་དང་ འབྲུག་སོ་ནམ་དང་ཟ་ཆས་ཁྲིམས་དོན་དབང་འཛིན་གྱི་ ངོ་ཚབ་ཚུ་ཡོད་མི་ ཚོགས་ཆུང་བཟོ་སྟེ་འདུག།
རིན་བསྡུར་ནང་ ལོ་བསྟར་བཞིན་དུ་ འབུབ་ཉོ་མི་ རྩ་རྒས་ཀྱིས་ སླབ་མིའི་ནང་ འབུབ་ཀྱི་སྤུས་ཚད་དེ་ ན་ཧིང་དང་ཕྱདཔ་ད་ བསྒྱུར་བཅོས་མངམ་མེད་རུང་ དུས་ཅི་ གོང་ཚད་དུམ་གྲ་ཅིག་ ཡར་འཕར་འགྱོ་ཡི་ཟེར་ཨིན་པས།
ན་ཧིང་ དབྱར་རྩྭ་དགུན་འབུབ་ སྤུས་ཚད་ལེགས་ཤོམ་ཡོད་མི་ ཀེ་ཇི་རེ་ལུ་ མཐོ་ཤོས་དངུལ་ཀྲམ་འབུམ་༡༣ ཚུན་ ཐོབ་ཡོདཔ་ད་ དུས་ཅི་ དངུལ་ཀྲམ་འབུམ་༢༠ དེ་ཅིག་ འཐོབ་ནི་བཟུམ་ཡོདཔ་ཨིན་པས།
དུར་ལས་ སྐྱེས་ལོ་༥༣ ལང་མི་ ལེགས་སྐྱིད་ཀྱིས་ སླབ་མིའི་ནང་ དབྱར་རྩ་དགུན་འབུབ་ལུ་བརྟེན་ རྒེད་འོག་ནང་ མི་སེར་གྱི་ མི་ཚེའི་གནས་སྟངས་ ཡར་དྲག་སོང་ཡི་ཟེར་ཨིན་པས།
མི་ཚུ་གིས་ སླབ་མིའི་ནང་ དུས་ཅི་ འབུབ་ཀྱི་ཐོན་ཤུགས་ ལེགས་ཤོམ་མིན་འདུག་ཟེར་ཨིནམ་ད་ ལས་སྐྱིད་ཀྱིས་འབད་བ་ཅིན་ ཐོན་ཤུགས་མར་བབས་སོང་མི་དེ་ མི་རློབས་ཡར་སེང་དང་ འབུབ་བསྡུ་བསྒྱོམ་འབད་མི་མངམ་ཡོད་ནི་དེ་གིས་འོང་ནི་མས་ཟེར་ཨིན་པས།
ཀུན་གསལ་གྱི་ ཤེས་རྟོག་བྱུང་མིའི་ནང་ འབུབ་ཉོ་མི་ལ་ལོ་གིས་ རིན་བསྡུར་ནང་མེན་པར་ ཕྱི་ཁར་བསྒུགས་སྡོད་ཞིནམ་ལས་ གོང་ཚད་མཐོ་སུ་བྱིན་ཏེ་ ཉོ་དོ་ཡོད་པའི་ཁར་ མི་ཚུ་གིས་ འབུབ་ག་ར་ རིན་བསྡུར་ནང་མ་བཙུགས་པར་ གོང་ཚད་སྦོམ་ཐོབ་མི་ལུ་ བཙོང་ནི་སྦེ་ བཞག་ཡོད་པའི་གནས་ཚུལ།

ཉིམ་རྡོ་རྗེ། བུམ་ཐང་།

About admin

Check Also

ཏམ་ཁུའི་རིགས་ བཅད་དགོ་མནོ་མི་ཚུ་ལུ་ ཐབས་བྱུས་གསརཔ།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུག་རྫས་དབང་འཛིན་གྱིས་ མོང་སྒར་ལུ་ཡོད་པའི་ ཆང་དང་ སྨྱོ་རྫས་ལྟེ་བ་ནང་ ཏམ་ཁུ་འཐུང་མི་དང་ ཏམ་ཁུའི་རིགས་ཟ་མི་ཚུ་ ཟས་ངན་གྱི་རིགས་ བཅད་ནིའི་ཐབས་ཤེས་གསརཔ་ གཞི་བཙུགས་འབད་ཡོདཔ་ཨིན་པས། དེ་ཡང་ ལྟེ་བ་གིས་ ཏམ་ཁུའི་རིགས་བཅད་འདོད་ཡོད་མི་ …

Leave a Reply

Your email address will not be published. Required fields are marked *