ཆོས་འཁོར་སྟོདཔ་ཚུ་གིས་ སོ་ནམ་གྱི་ལཱ་འབད་ནིའི་དོན་ལུ་ ས་ཞིང་གྲ་སྒྲིག་འབད་བའི་བསྒང་།

དབྱར་རྩྭ་དགུན་འབུབ་རྐྱངམ་གཅིག་ལུ་མ་བརྟེན་པར་ སོ་ནམ་གྱི་ལཱ་ཚུ་ཡང་ ལོག་འབད་ནི་འགོ་བཙུགས་ཡོདཔ།

༉ རྒྱལ་ཁབ་ནང་ སྤྱི་ལོ་༢༠༠༤ ལས་འགོ་བཙུགས་ དབྱར་རྩྭ་དགུན་འབུབ་ བསྡུ་བསྒྱོམ་འབད་ཆོགཔ་བཟོ་བའི་ཤུལ་ལས་ ས་ཁ་མཐོ་སར་སྡོད་མི་ཚུ་ དབྱར་རྩྭ་དགུན་འབུབ་ལུ་བརྟེན་ འོང་འབབ་བཟོ་སྟེ་ འཚོ་བའི་གནས་སྟངས་ ཡར་དྲག་སོང་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ བུམ་ཐང་ ཆོས་འཁོར་རྒེད་འོག་གི་ ཆོས་འཁོར་སྟོད་ཀྱི་མི་ཚུ་ཡང་ དབྱར་རྩྭ་དགུན་འབུབ་ལུ་བརྟེན་ འཚོ་བའི་གནས་སྟངས་ ཡར་དྲག་སོང་ཡོདཔ་ཨིན་པས།

ཨིན་རུང་ མི་ཚུ་གིས་ དབྱར་རྩྭ་དགུན་འབུབ་ བསྡུ་བསྒྱོམ་འབད་ནི་ལུ་ ཤུགས་བཏོན་ཏེ་ སོ་ནམ་གྱི་ལཱ་ལུ་ སྤྲོ་བ་མ་བསྐྱེད་པར་ བཞག་དོ་ཡོདཔ་ཨིན་པས།

དེ་ཡང་ ཧེ་མ་འབད་བ་ཅིན་ ཟླཝ་༡ གི་རིང་ དབྱར་རྩྭ་དགུན་འབུབ་འཐུ་མི་དེ་ བཙོང་ཞིནམ་ལས་ འོང་འབབ་ཐོབ་མི་དེ་གིས་ ལོ་༡ གི་རིང་ ཟད་འགྲོ་བདའ་ཟུན་དོ་ཡོདཔ་མ་ཚད་ དགོས་མཁོ་ཆེ་བའི་ ཁྱིམ་རྐྱབ་མི་དང་ སྣུམ་འཁོར་ཉོ་མི་ཡང་ ལེ་ཤ་ཡོདཔ་ཨིན་པས།

ཨིན་རུང་ བར་སྐབས་ཅིག་ལས་ དབྱར་རྩྭ་དགུན་འབུབ་འཐུ་མིའི་གྱངས་ཁ་ ཡར་སེང་འགྱོ་མི་དང་ འབུབ་ཀྱི་ཐོན་ཤུགས་ མར་བབས་སོང་མི་ དེ་ལས་ ན་ཧིང་ ནད་ཡམས་ལུ་བརྟེན་ འབུབ་བཙོང་མ་ཚུགས་པའི་གདོང་ལེན་དང་ གོང་ཚད་ལེགས་ཤོམ་མ་འཐོབ་པའི་ དཀའ་ངལ་ཐོན་ཡོདཔ་ལས་ མི་ཚུ་གི་སེམས་ཁར་ ལཱ་སོ་སོར་འབད་དགོ་པའི་ དྲན་ཚོར་ཐོབ་ཡོདཔ་ཨིན་པས།

ནགས་འཕེལ་ལས་ རྡོ་རྗེ་སྒྲོལ་མ་གིས་ སླབ་མིའི་ནང་ ཧེ་མ་ ས་གནས་ནང་ ཀར་དང་ནག་ དེ་ལས་ བྱཱོ་ཚུ་བཏབ་དོ་ཡོདཔ་ཨིན་རུང་ ཤུལ་ལས་ དབྱར་རྩྭ་དགུན་འབུབ་ལུ་ ཤུགས་བཏོན་ཏེ་ སོ་ནམ་གྱི་ལཱ་འབད་མི་ གངམ་མེད་ཟེར་ཨིན་པས།

མོ་གིས་ སླབ་མིའི་ནང་ ད་རེས་ ནད་ཡམས་ཀྱི་གནས་སྟངས་ནང་ དབྱར་རྩྭ་དགུན་འབུབ་ལུ་བརྟེན་ འོང་འབབ་བཟོ་མ་ཚུགས་མི་དང་བསྟུན་ ཐ་ན་ ཚོད་བསྲེ་ལས་འགོ་བཟུང་ དགོ་མཁོ་ཆེ་བའི་ཅ་ཆས་ཚུ་ གོང་ཚད་ཡར་སེང་ཡོདཔ་ལས་ ཐབས་ལམ་བཏོན་ཏེ་ སོ་ནམ་ཐང་སྒོ་ནོར་ལཱ་ འབད་དོ་ཟེར་ཨིན་པས།

ན་ཧིང་བཟུམ་འབད་བ་ཅིན་ ཟླཝ་༡ གི་རིང་ ཆརཔ་དང་ཁཝ་ནང་ ཉེན་ཁ་འབག་སྟེ་ དབྱར་རྩྭ་དགུན་འབུབ་ བསྡུ་བསྒྱོམ་འབད་བའི་སྐབས་ ཐོན་ཤུགས་ལེགས་ཤོམ་མེད་པའི་ཁར་ གོང་ཚད་ཡང་ ལེགས་ཤོམ་མ་འཐོབ་ལས་ ལཱ་ཁག་རྐྱབ་ཡོདཔ་ཨིན་པས།

ཆོས་འཁོར་སྟོད་ཀྱི་ཚོགས་པ་ དཀོན་མཆོག་ནོར་བུ་གིས་ སླབ་མིའི་ནང་ ས་གནས་ནང་ དབྱར་རྩྭ་དགུན་འབུབ་ བསྡུ་བསྒྱོམ་འབད་ནིའི་ གནང་བ་གནང་ཞིནམ་ལས་ཚུར་ ལོ་རིམ་བཞིན་དུ་ འབུབ་ལུ་བརྟེན་ འོང་འབབ་ལེགས་ཤོམ་འཐོབ་ཚུགས་པའི་ཁར་ ཐོན་ཤུགས་ཡང་ ལེགས་ཤོམ་ཡོདཔ་ལས་ མི་ཚུ་གིས་ སོ་ནམ་དང་ སྒོ་ནོར་གྱི་ལཱ་འབད་ནི་ལུ་ སྤྲོ་བ་སྦོམ་མ་བསྐྱེད་པར་ བཞག་ནུག་ཟེར་ཨིན་པས།

ཨིན་རུང་ བར་སྐབས་ཅིག་ལས་ འབུབ་བསྡུ་བསྒྱོམ་འབད་མི་ མངམ་ཐོན་ཡོདཔ་ལས་ མི་ཚུ་གིས་ ཧེ་མ་བཟུམ་སྦེ་ འབུབ་མ་འཐོབ་པའི་ཁར་ གོང་ཚད་ཡང་ ལེགས་ཤོམ་མ་འཐོབ་ལས་ དབྱར་རྩྭ་དགུན་འབུབ་རྐྱངམ་གཅིག་ལུ་ བློ་གཏད་ནི་དེ་ མི་བཏུབ་ནི་མས་ཟེར་མནོ་སྟེ་ སོ་ནམ་དང་ སྒོ་ནོར་གསོ་སྐྱོང་འཐབ་ནི་དེ་ སྔར་ག་ཨིནམ་སྦེ་ར་ ལོག་སྤྲོ་བ་བསྐྱེདཔ་མས་ཟེར་ཨིན་པས།

རྒེད་འོག་དང་ རྫོང་ཁག་བདག་སྐྱོང་གི་ མི་ཚུ་ལུ་ སོ་ནམ་གྱི་ ལཱ་འབད་ནིའི་ནང་ རྒྱབ་སྐྱོར་འབད་དེ་ ཚོད་བསྲེ་བཙུགས་ནིའི་ ཆུ་ཤོག་གི་ཁྱིམ་དང་ ས་ཞིང་ལེགས་བཅོས་འབད་ནི་ དེ་ལས་ ཧེ་མ་ སྟོངམ་སྦེ་ལུས་མི་ ས་ཞིང་ཚུ་ནང་ སོ་ནམ་ཞིང་ལམ་ བསལ་ནི་དང་ གློག་ཐག་རཝ་གི་ རྒྱབ་སྐྱོར་འབད་དོ་ཡོདཔ་ཨིན་པས།

ཚོགས་པ་གིས་ སླབ་མིའི་ནང་ རྒེད་འོག་བདག་སྐྱོང་གིས་ ལོ་རིམ་བཞིན་དུ་ སྔོ་ཚལ་ཆུ་ཤོག་ཁྱིམ་གྱི་དོན་ལུ་ མ་དངུལ་བཞག་སྟེ་ མི་ཚུ་ རང་གི་ ཁ་རྗེ་གདམ་འཐུ་དང་འཁྲིལ་ བགོ་བཀྲམ་འབད་ཡོདཔ་ད་ མི་ཚུ་ཡང་ དེ་ནང་ ཚོད་བསྲེ་ལེགས་ཤོམ་འཐོན་དོ་ཡོདཔ་ལས་ ག་ར་སྤྲོ་བ་བསྐྱེདཔ་ལས་ རྒེད་འོག་གི་ ཤུལ་མའི་འཆར་ལོ་ནང་ མ་དངུལ་འབོར་ཆེ་ཏོག་ཏོ་བཞག་ཡོདཔ་ལས་ ཁྱིམ་གུང་ག་ར་ལུ་ སྔོ་ཚལ་ཆུ་ཤོག་ཁྱིམ་ འཐོབ་ཚུགས་ནི་ཨིན་པས།

ཆོས་འཁོར་པདྨ་དུང་རྒྱལ་གྱིས་ སླབ་མིའི་ནང་ ཆོས་འཁོར་སྟོད་སྤྱི་འོག་ནང་ ཧེ་མ་ལས་ཡོད་པའི་ ས་ཞིང་སྟོངམ་ཚུ་ནང་ སོ་ནམ་ཞིང་ལམ་བཏོན་ཞིནམ་ལས་ བཟའ་སྤྱོད་འབད་ནི་ཨིན་ཟེར་ མི་ཚུ་གིས་ ཞུ་བ་འབད་མི་དང་འཁྲིལ་ ཞིང་ལམ་བཏོན་་ཡོདཔ་ལས་ ད་ལས་ཕར་ མི་ཚུ་གིས་ སྡེ་ཚན་བཟོ་སྟེ་ བྱཱོ་བཏབ་ཞིནམ་ལས་ བྱཱོ་ཕྱེ་འཐག་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།

ལས་རིམ་དེའི་དོན་ལུ་ རྒེད་འོག་བདག་སྐྱོང་གིས་ མ་དངུལ་ས་ཡ་༡.༢ བཏང་དོ་ཡོདཔ་ད་ དེ་གིས་ ཁྱིམ་གུང་༡༤ ལུ་ ཕན་ཐོགས་འབྱུང་ནི་ཨིན་པས།

རྒོཔ་གིས་ སླབ་མིའི་ནང་ ལས་རིམ་དེ་གི་ དམིགས་གཏད་ཅིག་ ཧེ་མ་ ཕམ་ཚུ་གི་སྐབས་ སོ་ནམ་གྱི་ལཱ་ལུ་ གཙོ་བོར་བཏོན་ཡོདཔ་ཨིན་རུང་ དབྱར་རྩྭ་དགུན་འབུབ་བཟུམ་སྦེ་ འབབ་ཁུངས་མེད་ནི་དེ་གིས་ སོ་ནམ་གྱི་ལཱ་དེ་ བཤོལ་བཞག་ཡོདཔ་ད་ ཨིན་རུང་ ད་རེས་ ལས་རིམ་དེའི་ཐོག་ལས་ མི་ཚུ་ལུ་ སོ་གྱི་ནམ་ལཱ་ ལོག་འབད་ནི་ལུ་ སེམས་ཤུགས་བསྐྱེད་ནི་ཨིན་ཟེར་ཨིན་པས།

ལྷ་སྒྲོན་གྱིས་ སླབ་མིའི་ནང་ ནད་ཡམས་ཀྱི་གནས་སྟངས་དེ་ ནམ་སངས་ནི་ཨིན་ན་ མ་ཤེས་པའི་ཁར་ དུས་ཅི་ འབུབ་འཐུ་བར་འགྱོ་ནིའི་ དུས་ཚོད་རན་ཡོདཔ་ལས་ གནས་སྟངས་དེ་སྦེ་ར་ ལུས་སོ་པ་ཅིན་ དུས་ཅི་ཡང་ འོང་འབབ་ལེགས་ཤོམ་ མི་འཐོབ་ནི་ཨིནམ་ལས་ ལ་ཁར་མ་འགྱོ་བའི་ཧེ་མར་ སོ་ནམ་གྱི་ལཱ་ཚུ་འབད་དོ་ཟེར་ ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ།ཀྲོང་གསར།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *