གསོ་བའི་བློན་པོ་ བདེ་ཆེན་དབང་མོ་གིས་ དབུགས་གཏོང་ལེན་སྨན་བཅོས་ལྟེ་བ་ འགོ་འབྱེད་འབད་བའི་བསྒང་།

དབུགས་གཏོང་ལེན་སྨན་བཅོས་ལྟེ་བ་གིས་ ནད་གཞི་འབུ་ནི་ལས་ མར་ཕབ་འབད་ནི།

༉ མ་གཞི་ འཛམ་གླིང་གསོ་བའི་ཚོགས་སྡེ་གིས་ ཤར་ལྷོ་ཨེ་ཤི་ཡ་ལུང་ཕྱོགས་ནང་ སྤྱི་ལོ་༢༠༣༠ འི་ནང་འཁོད་ལུ་ བད་ཀན་ནད་གཞི་རྩ་མེད་གཏང་ནི་ལུ་ དམིགས་གཏད་བསྐྱེད་ཡོདཔ་བཞིན་དུ་ འབྲུག་གིས་ སྤྱི་ལོ་༢༠༢༧ གྱི་ནང་འཁོད་ལུ་ ནད་གཞི་དེ་ རྩ་མེད་གཏང་ནིའི་དོན་ལུ་ གསོ་བའི་ལྷན་ཁག་གིས་ འདས་པའི་ཟླཝ་ནང་ལས་ ནད་གཞི་བཀག་ཐབས་ལས་རིམ་དང་ སྨན་བཅོས་འབད་ནི་ འགོ་བཙུགས་ཡི།
སྤྱི་ཟླ་༨ པའི་ཚེས་༢༤ ལུ་ བད་ཀན་འབུ་ནད་མར་ཕབ་དང་ ཚ་རིམས་ དེ་ལས་ དབུགས་གཏོང་ལེན་དང་འབྲེལ་བའི་ནད་གཞི་ཚུ་ སྨན་བཅོས་འབད་ནིའི་དོན་ལུ་ ཐིམ་ཕུག་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ ས་ཁོངས་ནང་ དམིགས་བསལ་གྱི་ དབུགས་གཏོང་ལེན་སྨན་བཅོས་ལྟེ་བ་ གཞི་བཙུགས་འབད་ཡི།
གསོ་བའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ འབུ་ནད་བཀག་ཐབས་ཀྱི་ ས་གོ་ལེགས་ཤོམ་ཅིག་མེད་པ་ཅིན་ ནདཔ་ཚུ་གཅིག་ཁར་སྡོད་ཞིནམ་ལས་ སྨན་བཅོས་ཀྱི་དོན་ལུ་ སྒུག་སྡོད་པའི་སྐབས་ གནམ་གཤིས་སོར་འགྱུར་དང་བསྟུན་པའི་ ཚ་རིམས་ཀྱི་ནད་གཞི་ཚུ་ གཞན་ལུ་འབུ་ནིའི་ ཉེན་ཁ་འདུག་ཟེར་ཨིན་པས།
ཚ་རིམས་དེ་ གནམ་གཤིས་སོར་འགྱུར་ལུ་བརྟེན་པའི་ དབུགས་གཏོང་ལེན་གྱི་ ཕྲ་འབུཔ་ཅིག་ལུ་ དགོ་དོ་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ ནད་གཞི་ཚུ་གི་གྲས་ལས་ དབུགས་གཏོང་ལེན་གྱི་ནད་ མཐོ་ཤོས་ཅིག་ཨིནམ་བཞིན་དུ་ སྤྱི་ལོ་༢༠༡༨ ལུ་ མི་༡༠,༥༨༣ གྱིས་ ནད་གཞི་ཐོབ་ཡོད་པའི་ རྒྱལ་ཁབ་ཀྱི་སྨན་ཁང་ཚུ་ནང་ ཐོ་བཀོད་འབད་ནུག།
ལྟེ་བ་ཡང་ གཙོ་བསྟེན་སྨན་ཁང་དང་ གསོ་བའི་ལྷན་ཁག་གིས་ མཉམ་འབྲེལ་ཐོག་ལས་འབད་ཡོདཔ་ད་ སྨན་ཁང་དེ་གིས་ དབུགས་གཏོང་ལེན་གྱི་ ནད་རྟགས་དང་འཁྲིལ་ཏེ་ སྨན་བཅོས་འགྱོགས་དྲགས་སྦེ་ འཐོབ་ཚུགས་ནི་ཨིན་པས།


བད་ཀན་རྩ་མེད་གཏང་ནི་ལུ་ གསོ་བ་ལྷན་ཁག་དང་ གཙོ་བསྟེན་སྨན་ཁང་གི་ འགོ་ཁྲིདཔ་ཚུ་གིས་ ལས་རིམ་ཚུ་ འགོ་འདྲེན་འཐབ་མི་ལུ་ ཡིད་ཆེས་ངལ་རངས་ཡོད་ལུགས་ཚུ་ བཤདཔ་དང་འབྲེལ་ གསོ་བ་བློན་པོ་བདེ་ཆེན་དབང་མོ་གིས་ གསུངས་མིའི་ནང་ བད་ཀན་དེ་ རྒྱལ་ཡོངས་ལུ་ ཚ་གྱང་ཆེ་བའི་ གནད་དོན་ཅིག་ཨིན་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ལུང་ཕྱོགས་ནང་ འབྲུག་གིས་ ཨེམ་ཌི་ཨར་གྱི་ བད་ཀན་ནད་གཞི་ཐོབ་མི་དེ་ མཐོ་ཤོས་ཅིག་སྦེ་ ཐོ་བཀོད་འབད་ནུག་ཟེར་ཨིནམ་ད་ གསོ་བའི་མཐུན་རྐྱེན་གྱི་དོན་ལུ་ གཞུང་གིས་ ཟད་འགྲོ་བཏང་མིའི་ནང་ འཆར་དངུལ་ཚད་ཅིག་ལས་བརྒལ་ བགོ་བཀྲམ་མ་འབད་མི་ལུ་བརྟེན་ བད་ཀན་ནད་གཞི་ ཚད་འཛིན་འབད་ནི་ལུ་ གདོང་ལེན་འབྱུང་ནི་མས་ཟེར་ཨིན་པས།
སྤྱི་ལོ་༢༠༣༠ འི་ནང་འཁོད་ལུ་ ཡུན་བརྟན་གོང་འཕེལ་གྱི་དམིགས་ཡུལ་དེ་ བད་ཀན་རྩ་མེད་གཏང་ནི་ཨིན་རུང་ ང་བཅས་ཀྱི་དམིགས་ཡུལ་དེ་ ཚུར་གཏུམས་དགོཔ་འདུག་ཟེར་ གསོ་བ་བློན་པོ་གིས་ བཤད་ཅི།
གསོ་བའི་འགོ་དཔོན་གྱིས་ སླབ་མིའི་ནང་ དམིགས་བསལ་དུ་ བད་ཀན་ནད་གཞི་ གློ་འབར་མི་དང་ བགའ་ནི་ ཁ་སླབ་ནི་ དེ་ལས་ ཨ་ཚི་རྐྱབ་མི་ལུ་བརྟེན་ ཐོབ་ཡོད་པའི་ འབུ་ནད་ཅིག་ཨིན་ཟེར་ཨིན་པས།
སྨན་བཅོས་མ་འབད་མི་ བད་ཀན་དེ་ ལོ་༡ ནང་ མི་༡༠-༡༥ ལུ་ ཁྱབ་སྤེལ་འབད་དོ་ཡོདཔ་ལས་ གསོ་བའི་འགོ་དཔོན་ཚུ་གིས་ བཤད་མིའི་ནང་ སྨན་ཁང་ཆེ་བ་ཚུ་ནང་ ནད་གཞི་བཀག་ཐབས་འབད་ནི་ལུ་ ལྟེ་བ་ཅིག་དགོཔ་ ངེས་བདེན་ཡོདཔ་ལས་ དེ་གིས་ གློ་འབར་མི་ནདཔ་ཚུ་ ལོགས་སུ་སྦེ་ དུས་ཚོད་ཁར་ སྨན་བཅོས་འབད་ནི་ལུ་ ལྷན་ཐབས་འབད་ཚུགས་ནི་མས་ཟེར་ཨིན་པས།
གསོ་བའི་བློན་པོ་ བདེ་ཆེན་དབང་མོ་གིས་ གསུངས་མིའི་ནང་ བད་ཀན་ནད་གཞི་མང་ཤོས་ར་ ཐིམ་ཕུག་དང་ ཕུན་ཚོགས་གླིང་ དེ་ལས་ རྫོང་ཁག་སྨན་ཁང་ཚུ་ནང་ཨིན་མས་ཟེར་ཨིནམ་ད་ མཐུན་རྐྱེན་ཚད་གཅིག་ལས་མེདཔ་ལས་ ཁེ་ཕན་སྦོམ་ཡོད་མི་དང་ འོས་འབབ་དང་འཁྲིལ་ཏེ་ གཙོ་བསྟེན་ནང་བཟུམ་ སྨན་བཅོས་ཁང་ཚུ་ གཞི་བཙུགས་འབད་འོང་ཟེར་ཨིན་པས།
དབུགས་གཏོང་ལེན་དང་འབྲེལ་བའི་ ནད་གཞི་ཐོབ་མི་ སྐྱེས་ལོ་༡༢ མན་ཆད་འབད་མི་ཚུ་གིས་ སྨན་བཅོས་ལྟེ་བ་ནང་ སྨན་བཅོས་འབད་བར་ ཐད་ཀར་དུ་འགྱོ་ཚུགས་ནི་ཨིནམ་ད་ ལྟེ་བ་དེ་ཡང་ གསོ་བའི་རྒྱབ་སྐྱོར་ལྟེ་བའི་ ཉེ་འདབས་ལུ་ གཞི་བཙུགས་འབད་ནུག།
ལྟེ་བ་དེ་ སྤྱིར་བཏང་གསོ་བའི་ སྨན་བཅོས་འབད་དོ་བཟུམ་སྦེ་ དྲོ་པའི་ཆུ་ཚོད་༩ ལས་ ཕྱི་རུའི་ཆུ་ཚོད་༣ ཚུན་དང་ རེས་གཟའ་ཉི་མ་ལུ་ དྲོ་པའི་ཆུ་ཚོད་༩ ལས་ ཉིན་མའི་ཆུ་ཚོད་༡ ཚུན་ གསོ་བའི་ཞབས་ཏོག་ བྱིན་ནི་ཨིན་པས།
འགོ་བའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ དབུགས་གཏོང་ལེན་སྨན་བཅོས་ལྟེ་བ་དེ་ དབུགས་གཏོང་ལེན་ནད་གཞི་ཐོབ་མི་ཚུ་ལུ་ གསོ་བའི་ཞབས་ཏོག་ཀུན་ཚང་བཟུམ་ཅིག་སྦེ་ ལག་ལེན་འཐབ་འོང་ཟེར་ཨིནམ་ད་ ལྟེ་བ་དེ་ནང་ ཐོ་བཀོད་འབྲེལ་སྟེགས་དང་ སྨན་བཅོས་འབད་ས་ ཌོག་ཊར་གྱི་ཁག་མི་༢ དེ་ལས་ གནས་སྡུད་འཛིན་སྐྱོང་ལ་ལོགས་པ་ཚུ་ ཡོདཔ་ཨིན་པས།
རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་གཙོ་འཛིན་ ལྷཔ་རྡོ་རྗེ་གིས་ སླབ་མིའི་ནང་ ལྟེ་བ་དེ་གིས་ ནདཔ་རྐྱངམ་གཅིག་མེན་པར་ མི་རློབས་ག་ར་ལུ་ ཁེ་ཕན་འབྱུང་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *