དབུགས་གཏོང་ལེན་དང་འབྲེལ་བའི་ ནད་གཞི་ལུ་བརྟེན་པའི་ཤི་རྐྱེན།

༉ རྒྱལ་ཁབ་ནང་ ཨ་ལོ་རྨས་སྐྱེས་ཚུ་ལུ་ ཤི་རྐྱེན་བྱུང་མི་དེ་ མང་ཤོས་ར་ དབུགས་གཏོང་ལེན་དང་འབྲེལ་བའི་ ནད་གཞི་ལུ་བརྟེན་ཏེ་ བྱུང་དོ་ཡོདཔ་ཨིན་པས།
དེ་འབདཝ་ལས་ རྒྱལ་ཡོངས་སྨན་ཁབ་ཚོགས་ཆུང་གིས་ པི་སི་བི་སྨན་ཁབ་ ངོ་སྤྲོད་འབད་ནིའི་དོན་ལུ་ གྲོས་འདེབས་ཕུལ་ཡོདཔ་ཨིན་པས།
སྨན་ཁབ་དེ་གིས་ གློ་བའི་ཚད་ནད་ནི་མོ་ནི་ཡ་ ཨོ་ཏི་ཏིས་མི་ཌི་ཡ་ ཚཝ་མགུ་ནད་ དེ་ལས་ བེག་ཏི་རི་མི་ཡ་ཟེར་མི་ ནད་གཞི་ཚུ་ བཀག་ཐབས་འབད་ནི་ལུ་ ཕན་ཐོགས་ཡོདཔ་ལས་ སྐྱེས་ལོ་༥ མན་ཆད་འབད་མི་ ཨ་ལོ་ཚུ་ལུ་ བཙུགས་དགོཔ་སྦེ་ཨིན་པས།
པུ་སི་བི་སྨན་ཁབ་དེ་ སིང་ག་པུར་དང་ ཕི་ལི་ཕིནསི་རྒྱལ་ཁབ་ཚུ་ནང་ བཙུགས་དོ་ཡོདཔ་ལས་ སྨན་ཁབ་དེ་གིས་ སྨན་བཅོས་ཀྱི་ཟད་འགྲོ་མར་ཕབ་འབད་བ་གིས་མ་ཚད་ ཉེན་སྲུང་དང་ལྡན་ཏོག་ཏོ་སྦེ་ ཡོདཔ་ཨིན་པས།
གསོ་བའི་ཁ་ཐུག་ལས་ བརྟག་ཞིབ་སྙན་ཞུ་འབད་མི་དང་འཁྲིལཝ་ད་ ལོ་༥ འི་ནང་འཁོད་ལུ་ ཚད་ནད་ནི་མོ་ནི་ཡ་ལུ་བརྟེན་ མི་གྲངས་༣༢༥ ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ སྤྱི་ལོ་༢༠༡༥ ལུ་ ནི་མོ་ནི་ཡ་ཐོབ་མི་༡༠,༨༩༡ ཡོད་མི་ལས་ བརྒྱ་ཆ་༣༠ ཨ་ལོ་ཆུང་ཀུ་ཚུ་ཨིན་པའི་ སྙན་ཞུ་འབད་ནུག།
ནི་མོ་ནི་ཡ་དང་ ཚཝ་མགུ་ནད་ དེ་ལས་ ཨོ་ཏི་ཏིས་མི་ཌི་ཡ་ལ་སོགས་པ་ཚུ་ སྨན་བཅོས་འབད་ནིའི་དོན་ལུ་ གཞུང་གིས་ལོ་བསྟར་བཞིན་དུ་ ཟད་འགྲོ་འབོར་ཆེ་ཏོག་ཏོ་སྦེ་ བཏང་དོ་ཡོདཔ་ཨིན་པས།
ད་རུང་ སྨན་ཁབ་པི་སི་བི་ལུ་ དབྱེ་བ་༢ སྦེ་ཡོདཔ་ད་ པི་སི་བི་༡༣ ཅན་མ་དང་ པི་སི་བི་གཉིས་ཡོད་མིའི་ནང་ལས་ཡང་ པི་སི་བི་༡༣ ཅན་མ་དེ་ ཕན་ཐོགས་མང་སུ་ཡོདཔ་ལས་ རྒྱལ་ཁབ་ནང་ པི་སི་བི་༡༣ ཅན་མ་དེ་ ངོ་སྤྲོད་འབད་བ་ཅིན་ དྲག་ནི་མས་ཟེར་ ལས་རིམ་འགོ་དཔོན་ སྤེན་པ་གིས་བཤད་ཅི།
གཞུང་གི་ཁ་ཐུག་ལས་ ད་ལྟོ་ཚུན་ སྨན་ཁབ་ནང་ ཟད་འགྲོ་སྦོམ་བཏང་དོ་ཡོདཔ་ད་ ག་དེམ་ཅིག་སྦེ་ སྨན་ཁབ་པི་སི་བི་ངོ་སྤྲོད་མ་འབད་བ་ཅིན་ གཞུང་གིས་ ལོ་ལྔའི་ནང་འཁོད་ལུ་ ནད་གཞི་ཚུ་ སྨན་བཅོས་འབད་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༢༠༦.༤༡ གཏང་ནིའི་ ཚོད་དཔག་འབད་ཡོདཔ་ད་ སྨན་ཁབ་དེ་ ངོ་སྤྲོད་འབད་བཙུགས་པ་ཅིན་ དེ་གིས་ ཟད་འགྲོ་བརྒྱ་ཆ་༨.༥ དང་༡༣.༦ དེ་ཅིག་ མར་ཕབ་འབད་ཚུགས་ནི་མས་ཟེར་ཨིན་པས།
ནི་མོ་ནི་ཡ་ལུ་བརྟེན་ཏེ་ སྤྱི་ལོ་༢༠༡༡ ལས་༢༠༡༥ ཚུན་ཚོད་ ཨ་ལོ་༣༢༥ ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ ཚཝ་མགུ་ནད་ལུ་བརྟེན་ཏེ་ ཨ་ལོ་༡༣༥ ལུ་ ཤི་རྐྱེན་བྱུང་ཡོདཔ་ལས་ ཨ་ལོའི་ སྲོག་སྐྱབས་འབད་ནིའི་་དོན་ལུ་ སྨན་ཁབ་དེ་ ངོ་སྤྲོད་འབད་ཚུགས་པ་ཅིན་ ཨ་ལོའི་ ཤི་རྐྱེན་གྱི་གྱངས་ཁ་དེ་ མར་ཕབ་འབད་ཚུགས་ནི་ཨིནམ་མ་ཚད་ སྨན་བཅོས་ཀྱི་ཟད་འགྲོ་ཚུ་ཡང་ མར་ཕབ་འབད་ཚུགས་ནི་མས་ཟེར་ གསོ་བའི་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
གསོ་བའི་འགོ་དཔོན་ཚུ་གིས་ ཞིབ་འཚོལ་འབད་མི་དང་འཁྲིལཝ་ད་ སྨན་ཁབ་དེ་ འགོ་དང་པ་ ངོ་སྤྲོད་འབད་བའི་སྐབས་ གོ་བརྡའི་ལས་རིམ་དང་ གསོ་བའི་ལས་བྱེདཔ་ཚུ་ལུ་ སྦྱོང་བརྡར་ཚུ་ བྱིན་དགོ་ནི་ཨིནམ་ལས་ དེ་གི་དོན་ལུ་ དངུལ་ཀྲམ་ས་ཡ་༢༠.༥༢ ཚོད་དཔག་འབད་ཡོདཔ་ད་ དེ་གི་ཤུལ་ལས་ སྨན་ཁབ་མཁོ་སྒྲུབ་ཀྱི་ཟད་འགྲོ་དེ་ དངུལ་ཀྲམ་ས་ཡ་༡༡ ལས་བརྒལ་ མི་གནས་ཟེར་ཨིན་པས།
ག་དེམ་ཅིག་སྦེ་ སྨན་ཁབ་མ་བཙུགས་པར་ སྨན་བཅོས་ཀྱི་དོན་ལུ་ཨིན་པ་ཅིན་ ལོ་ལྔའི་ནང་འཁོད་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༢༠༦.༤༡ གཏང་དགོ་ནི་དང་ སྨན་ཁབ་མཁོ་སྒྲུབ་ཨིན་པ་ཅིན་ དངུལ་ཀྲམ་ས་ཡ་༦༤.༥༡ ལས་ མི་གནས་ནི་མས་ཟེར་ཨིན་པས།
སྨན་ཁབ་གསརཔ་ ངོ་སྤྲོད་འབད་ནིའི་དོན་ལུ་ ཞིབ་འཚོལ་མཇུག་བསྡུ་ཚར་ཏེ་ ལྷན་ཁག་གི་ཁ་ཐུག་ལས་ རྒྱབ་སྐྱོར་ཡོད་རུང་ དེ་གི་དོན་ལུ་ ཟད་འགྲོ་མང་རབས་ཅིག་ གནས་ནི་ཨིནམ་ལས་ ལྷན་རྒྱས་གཞུང་ཚོགས་ནང་ ཕུལ་ནི་སྦེ་ གྲོས་ཐག་བཅད་ཅི་ཟེར་ ལས་རིམ་འགོ་དཔོན་སྤེན་པ་གིས་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

མཁོ་ལོང་ཆུ་གློག་མེ་ལས་འགུལ་གྱི་ ལས་སྣ་ཚུ་ འཕྲོ་མཐུད་མི་འབད་ནི།

༉ བཀྲིས་གཡང་རྩེ་ལུ་ སྤྱི་ལོ་༢༠༡༨ ལས་ འགོ་བཙུགས་མི་ མཁོ་ལོང་ཆུ་གློག་མེ་ལས་འགུལ་ བཟོ་སྐྲུན་འབད་ནི་དེ་ མཚམས་འཇོག་འབད་ཡོདཔ་ལས་ ད་ལས་ཕར་ ལས་འགུལ་དང་འབྲེལ་བའི་ ལས་སྣ་ག་ཅི་ར་ཨིན་རུང་ འཕྲོ་མཐུད་དེ་ མི་འབད་ཟེར་ཨིན་པས། བསྟན་རྒྱས་བློན་པོ་ ལོག་ནཱཐ་ཤར་མ་གིས་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *