དབང་འདུས་ལུ་ མི་༢ ཤི་མིའི་སྐོར་ ལོ་རྒྱུས་འདྲ་མིན་སྣ་ཚོགས་ སླབ་དོ་ཡོདཔ།

༉ འཕྲལ་ཁམས་ཅིག་ཁར་ དབང་འདུས་ཕོ་བྲང་ལུ་ སྣུམ་འཁོར་གྱི་ ཐུག་རྐྱེན་ནང་ བསྟན་སྲུང་དམག་མིའི་ འགོ་དཔོན་ཅིག་དང་ བུམོ་ཅིག་ལུ་ ཤི་རྐྱེན་བྱུང་མིའི་ཐད་ལུ་ མི་ཚུ་གིས་ བུམོ་དེ་གི་ ལོ་ཚད་སྐོར་ལས་ འཆར་སྣང་མ་འདྲཝ་ བཤདཔ་མ་ཚད་ ཁོང་༢ དམག་མིའི་སྡོད་སྒར་ས་ཁོངས་ལས་ ཕྱི་ཁར་འགྱོ་མ་ཆོགཔ་སྦེ་ བཀག་འཛིན་འབད་དེ་ཡོད་རུང་ ག་དེ་སྦེ་ ཐོན་ཡར་སོཔ་ཨིན་ན་ཟེར་ དྲི་བ་ཚུ་ བཀོདཔ་ཨིན་པས། 

འདི་བཟུམ་མའི་ དྲི་བ་བཀོད་མི་དང་ ལོ་རྒྱུས་སླབ་མི་དེ་ ཁྲོམ་ཁར་དར་ཁྱབ་སོང་སྟེ་ཡོདཔ་ད་ མང་ཤོས་ཅིག་གིས་ ཚ་གྱང་བཤད་མི་དེ་ར་ ན་ཆུང་བུམོ་དེ་ མོ་རའི་སྐྱེས་ལོ་ལས་ ལོ་ཚད་༢༠ དེ་ཅིག་གིས་རྒས་མི་ ཕོ་སྐྱེས་ཅིག་དང་ སྡོད་ཡོདཔ་སྦེ་ མཐོང་མི་ལུ་བརྟེན་ཨིན་པས།

ཚེ་འདས་བུམོ་དེ་གི་ ལོ་ཚད་དེ་ སྐྱེས་ལོ་༡༨ ལང་ཡོདཔ་སྦེ་ སྙན་ཞུ་འབད་ཡོད་རུང་ ཀུན་གསལ་གྱིས་ ཤེས་རྟོགས་བྱུང་དོ་བཟུམ་འབད་བ་ཅིན་ བུམོ་དེ་ ལོ་༡༧ ལང་ཡོད་མི་དེ་ཡང་ གནས་ཐོ་ཅིག་དང་འཁྲིལཝ་ད་ ཉམས་རྒུདཔ་བུམོ་དེ་ སྤྱི་ལོ་༢༠༠༣ ཟླ་༣ པའི་ནང་ སྐྱེས་ཡོདཔ་ཨིན་པས།

ཀུན་གསལ་གྱིས་ ཤེས་རྟོགས་བྱུང་མི་དང་འཁྲིཝ་ད་ འགྲུལ་སྐྱོད་བཀག་དམ་འབད་མི་ལས་ འགོ་བཙུགས་ཏེ་ མི་ཚུ་ཕྱི་ཁར་ ཐོན་ཆོགཔ་སྦེ་ བཟོ་སྟེ་འབད་རུང་ ས་ཁོངས་དེ་ནང་ལས་ ཐོན་འགྱོ་མི་ཚུ་ ཕྱི་ཁར་ཐོ་བཀོད་འབད་དགོཔ་ཨིན་པས།

སྣུམ་འཁོར་ཐུག་རྐྱེན་དེ་ཡང་ སྤྱི་ཟླ་༢ པའི་ཚེས་༦ གི་ཕྱི་རུའི་ཆུ་ཚོད་༨.༣༠ དེ་ཅིག་ཁར་ བྱུང་ཡོདཔ་ཨིན་པས།

ཉམས་རྒུདཔ་བུམོ་དེ་གི་ སྤུན་ཆ་ཉེ་ཤོས་ཅིག་གིས་ སླབ་མི་དང་འཁྲིལཝ་ད་ བུམོ་དེ་ ཕོ་སྐྱེས་དང་གཅིག་ཁར་ སོང་བའི་སྐབས་ བུམོ་གི་ཕམ་ཚུ་ ཁྱིམ་ནང་མ་སྡོད་པས་ཟེར་ཨིནམ་ད་ བརྒྱུད་འཕྲིན་ཨང་གྲངས་དང་འཁྲིལ་བ་ཅིན་ བུམོ་དེ་གིས་ ཕོ་སྐྱེས་དེ་ ངོ་ཤེས་མི་ཅིག་ཨིན་པས།

སྤུན་ཆ་གིས་ སླབ་མིའི་ནང་ བུམོ་དེ་ ན་སྟེ་ར་ སྡོད་མི་ཅིག་ཨིན་རུང་ དཀའ་ངལ་ཅན་དང ག་ཏེ་ཡང་ འགྱོ་མི་མེནམ་ལས་ དེ་ཚེ་ སྟབས་ངན་རྐྱེན་གྱིས་སྦེ་ ཕྱི་ཁར་ཐོན་འགྱོ་འགྱོཝ་བཟུམ་ཅིག་འདུག་ཟེར་ཨིན་པས།

འཐོར་གཏམ་དང་ བསམ་འཆར་སྣ་ཚོགས་བཀོད་མིའི་ཐད་ལུ་ སྤུན་ཆ་གིས་ སླབ་མིའི་ནང་ ག་དེ་སྦེ་ར་སླབ་རུང་ ཁོང་༢ ཆ་ར་ གྱོངས་སོཔ་ལས་ ཁོང་གི་ཁ་ཐུག་ལས་ དགེ་རྩ་སྒྲུབ་ནི་ལུ་ གཙོ་རིམ་བཟུང་དོ་ཟེར་ཨིན་པས།

སྣུམ་འཁོར་ཐུག་རྐྱེན་དེ་ཡང་ ཉི་ཟེར་སྒང་ཁ་ཐུག་ལུ་ཡོད་མི་ དྭངས་ཆུ་ཟམ་གྱི་ལྟག་ལུ་ བྱ་རོག་ནང་གི་ ལམ་འོག་ལུ་ མི་ཊར་༥༠༠ དེ་ཅིག་གི་ས་ཁར་ རྦོབ་རིལ་སོང་ཡོདཔ་ཨིན་པས།

རྐྱེན་ངན་བྱུང་པའི་ཤུལ་ལས་ ཚེ་འདས་གཉིས་ཆ་ར་ གནས་སྟངས་ཚབས་ཆེན་ཐོག་ལུ་ སྨན་ཁང་ནང་ བསྐྱལ་ཡོདཔ་ད་ སྣུམ་འཁོར་དེ་ ཕོ་སྐྱེས་ཀྱིས་ གཏང་ཡོདཔ་བཞིན་དུ་ ཕོ་སྐྱེས་དེ་ དབང་འདུས་སྨན་ཁང་དང་ བུམོ་དེ་ ཐིམ་ཕུག་འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ བསྐྱལ་བའི་ཤུལ་ལས་ གྱོངས་སོཔ་ཨིན་པས།

སྣུམ་འཁོར་ཐུག་རྐྱེན་བྱུང་སྟེ་ དེ་གི་ནངས་པར་ བ་འཇོ་འབྲིང་རིམ་སློབ་གྲྭ་གོང་མའི་ བདག་སྐྱོང་གིས་ ཤེས་ཡོདཔ་ད་ སློབ་གྲྭའུ་དབུ་འཛིན་ ཤཱན་ཀར་ལཱལ་ ཌ་ཧལ་གྱིས་ སླབ་མིའི་ནང་ ཨ་ལོ་དེ་ མོ་རའི་ ཕམ་གི་བདག་འཛིན་ཐོག་ལུ་ སྡོད་ཡོདཔ་ལས་ ཁོང་གི་ཁ་ཐུག་ལས་ ཆ་རོགས་གང་དྲག་ འབད་བྱིན་ཡི་ཟེར་ཨིན་པས།

དབུ་འཛིན་གྱིས་ ཚེ་འདས་བུམོ་དེ་ སྙིང་རུས་ཅན་ཅིག་ཨིན་པའི་ཁར་ སློབ་གྲྭ་ནང་ཡང་ ཆད་ལུས་མེད་པར་ འོང་ཡོདཔ་མ་ཚད་ སྒྲིག་ཁྲིམས་ལས་འགལ་བའི་ གནད་དོན་ཡང་ ག་ནི་ཡང་མེད་ཟེར་ཨིན་པས།

སྣུམ་འཁོར་དེ་ ཕོ་སྐྱེས་དེ་གིས་ བཀག་མ་ཚུགས་པར་ ཐུག་རྐྱེན་བྱུང་ནུག་ཟེར་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *