དབང་འདུས་ལས་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་སྦེ་ཐོན་མི་ཅིག་གིས་ ཆེ་མཐོ་ཁྲིམས་འདུན་ལུ་ ཞུ་ཡིག་བཙུགས་ཡོདཔ།

༉ དབང་འདུས་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་སྦེ་ཐོན་མི་ པ་སངས་འཕྲིན་ལས་ཀྱིས་ འཕྲལ་ཁམས་ཅིག་ཁར་ འགོ་འདྲེན་འཐབ་ཚར་མི་ བཙག་འཐུའི་སྐབས་ ངན་ལྷད་འབད་ཡོད་པའི་སྐོར་ལས་ གནད་དོན་ཁག་༤ གི་ཐོག་ ཆེ་མཐོ་ཁྲིམས་འདུན་ལུ་ རྩོད་བཤེར་བཙུགས་ཡོད་མི་དེ་ སྤྱི་ཟླ་༤ པའི་ཚེས་༡ ལུ་ སྣ་ཚོགས་སྙན་གསན་འབད་ཡི།
པ་སངས་འཕྲིན་ལས་ཀྱིས་བཙུགས་མི་ ཞུ་ཡིག་དང་འཁྲིལཝ་ད་ བཙག་འཐུ་གྲུབ་མི་ ད་ལྟོའི་འཐུས་མི་ བཀྲིས་རྡོ་རྗེ་གི་ ཨམ་སྲུའི་ཨ་ཞང་ དགའ་སེང་ཚོ་གོངམ་གི་རྒཔོ་ ཀུན་ལེགས་རྒྱལ་མཚན་དེ་ ས་གནས་གཞུང་གི་འགོ་ཁྲིདཔ་ཅིག་འབདཝ་ལས་ ཚོགས་རྒྱན་ས་ཁོངས་ནང་ སྡོད་མ་ཆོགཔ་ཨིན་རུང་ ཚོགས་རྒྱན་གྱི་ཉིནམ་ལུ་ ཕྱི་རུ་ ཚོགས་རྒྱན་གྱི་ གྱངས་ཁ་རྐྱབ་མ་ཚར་ཚུན་ སྡོད་མི་དེ་ལུ་ ངན་ལྷད་འབད་བའི་ དོགས་པ་ཡོདཔ་ལས་ ཞིབ་དཔྱད་འབད་གནང་ཟེར་ཞུ་ཡི།
ཁོ་གིས་ ཞུ་མིའི་ནང་ ས་གནས་གཞུང་གི་འགོ་ཁྲིདཔ་ཚུ་ བཙག་འཐུའི་སྐབས་ གྲལ་གཏོགས་མེདཔ་སྦེ་ སྡོད་དགོ་པའི་ཁར་ ཚོགས་རྒྱན་གྱི་ས་ཁོངས་ནང་ མི་ཊར་༥༠ འི་ནང་འཁོད་ སྡོད་མ་ཆོགཔ་སྦེ་ཡོད་རུང་ རྒཔོ་གིས་ ཚོགས་རྒྱན་གྱི་ཉིན་མར་ ཉིནམ་༡ ར་ ཚོགས་རྒྱན་བཙུགས་སའི་ རྒེད་འོག་གི་ས་ཁོངས་ནང་ སྡོད་ནུག་ཟེར་བཀོད་ནུག།
དེ་ལས་ ཅང་ཅེ་མ་ས་སྤོག་ཏོ་ཟེར་མི་ ཚོགས་རྒྱན་ས་ཁོངས་དེ་ནང་ཡང་ ཚོགས་པ་པདྨ་རྡོ་རྗེ་གིས་ དྲོ་པ་ལས་འགོ་བཙུགས་ཏེ་ ཕྱི་རུ་ ཚོགས་རྒྱན་བཙུགས་མ་ཚར་ཚུན་ སྡོད་ཡོད་པའི་ཁར་ ཁོ་གིས་ ས་ཁོངས་ནང་འོང་པའི་སྐབས་ལུ་ཡང་ ཚོགས་རྒྱན་འགོ་དཔོན་ཚུ་དང་གཅིག་ཁར་ འོང་ཡོད་པའི་ཁར་ ཁོ་གིས་ པར་བཏབ་མི་ཚུ་ ག་ཏེ་གཏང་ནི་ཨིན་ན་ཟེར་ དྲི་བའི་སྐབས་ ག་ཏེ་ཨིན་ན་ཅིག་ཁར་ གཏང་ནི་ཨིན་ཟེར་ སླབ་ནུག་ཟེར་བཀོད་ནུག།
དེ་མ་ཚད་ ཚོགས་པ་དེ་གིས་ ཕྱི་རུ་ཚོགས་རྒྱན་གྱི་ གྱངས་ཁ་རྐྱབ་ནི་རནམ་ད་ འདེམས་ངོའི་ངོ་ཚབ་ཚུ་ལུ་ ལམ་ལུགས་སོར་ཡི་ཟེར་ གྱངས་ཁ་རྐྱབ་སའི་ས་ཁོངས་ནང་ སྡོད་མ་བཅུག་པར་ གྲུབ་འབྲས་ཚུ་ རྒྱང་མཐོང་ནང་བལྟ་ཟེར་ བདའ་བཏང་ཡོད་མི་ལུ་ལྟཝ་ད་ དོགས་པ་དང་ ཐེ་ཚོམ་ངེས་ཏིག་ཡོད་ཟེར་ཞུ་ནུག།
པ་སངས་འཕྲིན་ལས་ཀྱིས་ བྱུང་རྐྱེན་དེ་ཚུ་ལུ་ བློ་མ་བདེཝ་བར་ ཉིནམ་༢ ཀྱི་རྒྱབ་ལས་ ངོ་ཚབ་ཀུན་ལེགས་ཟེར་མི་དང་ ཨོ་རྒྱན་གཉིས་ ངོས་ལེན་འགོ་དཔོན་གྱི་ ཡིག་ཚང་ནང་བཏང་སྟེ་ ཚོགས་རྒྱན་གྱི་གྱངས་ཁ་ ལོག་རྐྱབ་བཅུག་པའི་སྐབས་ ཚོགས་རྒྱན་བཙུགས་མི་ མི་གྲངས་༡༨༡ ཐོ་བཀོད་འབད་ཡོད་རུང་ ཚོགས་རྒྱན་གྱི་ གྲུབ་འབྲས་གསལ་སྟོན་འབད་བའི་སྐབས་ གྱངས་ཁ་བསྡོམས་༡༩༦ སྦེ་ གསལ་སྟོན་འབད་ཡོད་མི་དེ་ཡང་ ཧ་ལས་སི་སི་ཅིག་ཨིནམ་ལས་ དེ་ཡང་ ཞིབ་དཔྱད་འབད་དགོཔ་སྦེ་ ཞུ་བ་འབད་ཡི།
དེ་མ་ཚད་ བཀྲིས་རྡོ་རྗེ་གིས་ སྤྱི་ཟླ་དང་པའི་ཚེས་༣༡ ལུ་ རིན་ཆེན་སྒང་སྤྱི་འོག་ནང་སོང་སྟེ་ དམངས་ཀྱི་དགྲ་ལྷ་གསོལ་ས་ལུ་ དངུལ་ཀྲམ་༡༠,༠༠༠ བྱིན་ཡོད་མི་དེ་ དཔའ་རྫཔ་ཚུ་ལུ་ སྤྱོད་ཡོདཔ་ལས་ དཔའ་རྫཔ་ཚུ་གིས་ ཚོགས་རྒྱན་གྱི་ རྒྱབ་སྐྱོར་འབད་ནིའི་དོན་ལུ་དམིགས་ཏེ་ བྱིན་ཡོདཔ་ད་ དེ་ཡང་ ངན་ལྷད་ཀྱི་གྲངས་སུ་ཚུདཔ་ལས་ ཞིབ་དཔྱད་འབད་གནང་ཟེར་ ཞུ་ཡིག་ནང་བཙུགས་ནུག།
དེ་ལས་ ཁོ་གིས་ ཚོགས་རྒྱན་གྱི་དོན་ལུ་དམིགས་ཏེ་ སྤྱི་ལོ་༢༠༡༣ ལུ་ ཁོ་ར་ བཙག་འཐུ་འགྲུབ་ནིའི་དོན་ལུ་ ར་བྲག་ཕན་བདེ་ཚོགས་པ་ཟེར་མི་ཅིག་ཡང་ གཞི་བཙུགས་འབད་དེ་ ཚོགས་པ་དེ་ལུ་ སྣུམ་འཁོར་བོ་ལི་རོ་ཅིག་ བྱིན་མི་དེ་གིས་ ཕུངམ་༢༤༥ སྐྱེལ་འདྲེན་འབད་ཡོད་པའི་ཁར་ རྒེད་འོག་༡༥ ནང་ སྐུ་༡༥ བྱིན་ཡོད་མི་ཚུ་ ཁེ་མེད་རུང་ དེ་ཚུའི་སྐོར་ལས་ ཁོ་གིས་ བཙག་འཐུའི་དོན་ལུ་ སྐུལ་བསྒྲགས་འབད་བའི་སྐབས་ རྒེད་འོག་ག་རའི་ནང་ གསལ་བཤད་འབདཝ་ད་ དེ་ཚུའི་སྐོར་ལས་ སླབ་མི་ཚུ་ཡང་ སྒྲུབ་བྱེད་སྦེ་ ཁྲིམས་འདུན་ལུ་ ཕུལ་ནི་ཡོད་ཟེར་ ཞུ་ཡིག་ནང་བཙུགས་ནུག།
ཕན་བདེ་ཚོགས་པ་དེ་ཡང་ ར་བྲག་གི་ དགེ་སློང་ཚུ་ཡོད་པའི་ཁར་ དགེ་སློང་ཚུ་གིས་ སེམས་གསོ་དང་ གྲོགས་རམ་འབད་མི་ཚུའི་སྐོར་ལས་ སླབ་པའི་སྐབས་ བཀྲིས་རྡོ་རྗེ་གིས་འབད་འབདཝ་ཨིན་ཟེར་ མིང་བཏོན་ཏེ་འབད་ཡོདཔ་ལས་ ཆོས་སྒོར་ཞུགས་མི་ཚུ་ཡང་ སྲིད་ནང་འབྲེལ་བ་འཐབ་བཅུག་སྟེ་ ཚོགས་རྒྱན་གྱི་ཁེ་ཕན་ལུ་ འབད་ཡོདཔ་ལས་ བཙག་འཐུ་དེ་ དྲང་བདེན་མ་འགྱོཝ་ལས་ ཞིབ་དཔྱད་འབད་གནང་ཟེར་ཞུ་ཡི།
པ་སངས་འཕྲིན་ལས་ཀྱིས་འབད་བ་ཅིན་ བཀྲིས་རྡོ་རྗེ་གིས་ དེ་བཟུམ་མའི་ བྱ་ངན་འབད་བའི་སྐོར་ལས་ རྒེད་འོག་ཚུ་ནང་ མ་རུངས་པའི་ལཱ་ཅིག་ ཨིན་པའི་སྐོར་ལས་ སླབ་སྟེ་ཡོད་ཟེར་ཨིནམ་ད་ གནད་དོན་དེ་ཚུ་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབད་བའི་སྐབས་ ངེས་ཏིག་བྱིན་ཡོདཔ་སྦེ་ཐོན་ཡོད་རུང་ སྐུལ་བསྒྲགས་ཀྱི་སྐབས་ལུ་མེན་པས་ཟེར་ ངོས་ལེན་འབད་མ་བཏུབ་པར་བཞག་ཡོད་རུང་ དེ་བཟུམ་སྦེ་བཞག་པ་ཅིན་ མ་འོངས་པ་ལུ་ འདེམས་ངོ་ཚུ་གིས་ བཙག་འཐུ་མ་རན་པའི་ཧེ་མ་ལས་ ངན་ལྷད་ག་བཟུམ་འབད་རུང་ འབད་ཆོག་ནིའི་ཉེན་ཁ་ཡོདཔ་ལས་ ཞིབ་དཔྱད་མཐིལ་ཕྱིན་ འབད་དགོཔ་འདུག་ཟེར་ཞུ་ཡི།
པ་སངས་འཕྲིན་ལས་ཀྱིས་ ཁོ་རའི་ བཙག་འཐུའི་གྲུབ་འབྲས་ལུ་ མ་དགའ་བར་མེན་པར་ རྒྱལ་ཁབ་ནང་ བཙག་འཐུ་དང་འབྲེལ་བའི་ ཁྲིམས་འགལ་གྱི་ལཱ་དེ་ ཉེན་ཁ་ཆེ་ཤོས་ཨིནམ་ལས་ སྔོན་འགོག་འབད་དགོཔ་ ཁག་ཆེ་བས་ཟེར་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ བཅའ་ཁྲིམས་ནང་འབད་རུང་ སྤྱི་གཡོགཔ་གཅིག་གིས་ སྤྱི་གཡོག་གཞན་ལུ་ མ་འོངས་པའི་ ཁེ་ཕན་ལུ་དམིགས་ཏེ་ རྒྱུ་དངོས་བྱིན་པ་ཅིན་ དེ་ཚུ་ ངན་ལྷད་ཀྱི་གྲངས་སུ་ ཚུདཔ་ཨིན་ཟེར་ཡོདཔ་ལས་ བཀྲིས་རྡོ་རྗེ་གིས་ མ་འོངས་པའི་ ཚོགས་རྒྱན་གྱི་མཐའ་དོན་ལུ་དམིགས་ཏེ་ ར་བྲག་ཚོགས་པ་ གཞི་བཙུགས་འབད་དེ་ གྲོགས་རམ་འབད་ཡོད་པའི་ཁར་ ཚོགས་པའི་དགེ་སློང་ཚུ་གིས་ཡང་ ཁོ་རའི་མིང་བཏོན་ཐོག་ལས་ གསལ་བསྒྲགས་འབད་མི་ཚུ་ ཁོ་རའི་མཐའ་དོན་ལུ་ འགྱོ་ཡོདཔ་ལས་ ཆེ་མཐོ་ཁྲིམས་འདུན་གྱིས་ ཞིབ་དཔྱད་མཐིལ་ཕྱིན་འབད་དགོ་པའི་ ཞུ་བ་འབད་ཡོདཔ་ཨིན་པས།
འཐུས་མི་བཀྲིས་རྡོ་རྗེ་གིས་ མཐོ་གཏུགས་དེའི་སྐོར་ལས་ ཤེས་རྟོགས་མེད་རུང་ མཐོ་གཏུགས་པ་གིས་ བཙག་འཐུའི་གྲུབ་འབྲས་ལུ་ བློ་མ་བདེ་བ་ཅིན་ ཞུ་བ་འབད་ནིའི་ དབང་ཆ་ཡོད་ཟེར་ཨིན་པའི་ཁར་ ཁོ་གིས་ ཁྲིམས་འདུན་ལས་ བཀའ་རྒྱ་ཕེབས་ད་མ་གཏོགས་ ད་ལྟོ་ ག་ནི་ཡང་ སླབ་ནི་མེད་ཟེར་ཨིན་པས།
བཀྲིས་རྡོ་རྗེ་གིས་ ཚོགས་རྒྱན་བསྡོམས་༤༩༩༥ ཐོབ་ཡོདཔ་ད་ སྦྱེ་ནག་རྒེད་འོག་གི་འདེམས་ངོ་ པ་སངས་འཕྲིན་ལས་ཀྱིས་ ཚོགས་རྒྱན་བསྡོམས་༣༧༥༡ ཐོབ་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *