ལ་ཡའི་མི་སེར་ཚུ་གིས་ ས་མཐོ་སར་ མི་ཊར་༤,༩༠༠ འབད་མི་ ས་ཁོངས་ནང་ དབྱར་རྩྭ་དགུན་འབུབ་བསྡུ་བསྒྱོམ་འབད་བའི་བསྒང་། པར་- སྐལ་བཟང་ཚེ་རིང་།

དབང་འདུས་ལས་ དབྱར་རྩྭ་དགུན་འབུབ་འཐུ་མི་ཚུ་ ལུང་ནག་ནང་ལས་ལོག་ཡོདཔ།

གངས་ཆེན་ཕུག་དེ་ ཁོང་ལུ་ ཁྱབ་དབང་ཡོད་པའི་ ས་ཁོངས་མེན་རུང་ ཤར་གྱི་རྒཔོ་ཚུ་གིས་ གནང་བ་སྤྲོད་མི་ལུ་བརྟེན་ བྲེལ་ཟིང་ཐོན་ཡོདཔ་ཨིན་པས།

༉ མགར་ས་རྫོང་ཁག་ ལུང་ནག་ནང་གི་ས་གནས་ གངས་ཆེན་ཕུག་ལུ་ རྫོང་ཁག་གཞན་ཚུ་ལས་ ཧམ་འཛུལ་འབད་མི་དང་ དབྱར་རྩྭ་དགུན་འབུབ་ ཚུལ་མིན་གྱི་སྒོ་ལས་ བསྡུ་བསྒྱོམ་འབད་ནི་ཚུ་ ལྟ་རྟོག་དམ་སྒྲིང་འབད་ཐབས་ལུ་ ཁྲིམས་སྲུང་དམག་མི་༡༠ དང་ ནགས་ཚལ་ལས་བྱེདཔ་༥ བཞག་ཡོདཔ་ཨིན་པས།
དེ་ཡང་ འདས་པའི་བདུན་ཕྲག་ནང་ དབང་འདུས་ཕོ་བྲང་ཀ་གཞི་དང་ སྲས་ཕུག་ དྭངས་ཆུ་ སྒང་སྟོད་རྒེད་འོག་༤ ལས་ དབྱར་རྩྭ་དགུན་འབུབ་བསྡུ་བསྒྱོམ་འབད་མི་༡,༠༠༠ དེ་ཅིག་གིས་ རྒེད་འོག་གི་ ས་མཚམས་བརྒལ་ཏེ་ གངས་ཆེན་ཕུག་ལུ་ ཧམ་འཛུལ་འབད་མི་ལུ་བརྟེན་ བྲེལ་ཟིང་ཅིག་ ཐོན་པའི་ཤུལ་ལས་ སྲུང་སྐྱོབ་དམག་མི་ བཙུགས་ཡོདཔ་ད་ གངས་ཆེན་ཕུག་དེ་ ལུང་ནགཔ་ཚུ་གི་དོན་ལུ་ དབྱར་རྩྭ་དགུན་འབུབ་བསྡུ་བསྒྱོམ་འབད་སའི་ ས་ཁོངས་ཅིག་སྦེ་ ས་མཚམས་རྡོ་མཚམས་བཀལ་ཡོདཔ་ཨིན་པས།
སྤྱི་ཟླ་༥ པའི་ཚེས་༢༧ ལུ་ འབྲེལ་ཡོད་རྒཔོ་དང་ སྲུང་སྐྱོབ་དམག་མི་ཚུ་བརྩིས་ཏེ་ འགོ་དཔོན་གཞན་ཚུ་ ས་ཁོངས་དེ་ནང་ གནམ་གྲུ་ཧེ་ལི་ཀོབ་ཊར་གྱིས་ བསྐྱལ་ཡོདཔ་ཨིན་པས།
དབྱར་རྩྭ་དགུན་འབུབ་བསྡུ་བསྒྱོམ་འབད་ཐངས་ཀྱི་ བཅའ་ཡིག་དང་ སྒྲིག་གཞི་༢༠༡༤ ཅན་མ་དང་འཁྲིལ་བ་ཅིན་ འབུབ་བསྡུ་བསྒྱོམ་དེ་ རང་སོའི་རྒེད་འོག་ ཡང་ཅིན་ བདག་སྐྱོང་ཁྱབ་ཁོངས་ཀྱི་ ས་མཚམས་ནང་འཁོད་ལུ་རྐྱངམ་གཅིག་ འབད་ཆོགཔ་ཨིན་པས།
འབྲེལ་ཡོད་རྒཔོ་ཚུ་གིས་ དབྱར་རྩྭ་དགུན་འབུབ་བསྡུ་བསྒྱོམ་འབད་ཆོག་པའི་ གནང་བ་སྤྲོད་ཆོགཔ་ཨིན་རུང་ རང་སོའི་ས་ཁོངས་ནང་ ཁྱད་ཚད་ལྡན་པའི་ བསྡུ་བསྒྱོམ་འབད་མི་ཚུ་ལུ་རྐྱངམ་གཅིག་ གནང་བ་སྤྲོད་དགོཔ་ཨིན་པས།
སོ་ནམ་དྲུང་ཆེན་ རིག་འཛིན་རྡོ་རྗེ་གིས་ སླབ་མིའི་ནང་ འབུབ་བསྡུ་བསྒྱོམ་འབད་ནིའི་ དབང་ཁྱབ་ས་ཁོངས་དང་ ལམ་སྟོན་ཚུ་ དྭངས་གསལ་སྦེ་ཡོད་རུང་ དབང་འདུས་ཤར་གྱི་ རྒཔོ་ཚུ་གིས་ མི་ཚུ་ལུ་ གནང་བ་སྤྲོད་དེ་ ཁོང་གི་ཁྱབ་ཁོངས་དང་ ས་མཚམས་ནང་མེན་པའི་ས་གནས་ གངས་ཆེན་ཕུག་ལས་ དབྱན་རྩྭ་དགུན་འབུབ་བསྡུ་བསྒྱོམ་འབད་བཅུག་ནུག་ཟེར་ཨིན་པས།
ས་གནས་གཞུང་གིས་ གནང་བ་སྤྲོདཔ་ད་ ག་དེ་སྦེ་ འཛོལ་སོཔ་ཨིན་ན་ ང་བཅས་ཀྱིས་ དབྱེ་ཞིབ་འབད་དོ་ཟེར་ དྲུང་ཆེན་གྱིས་ བཤད་པའི་ཁར་ མ་འོངས་པ་ལུ་ འདི་བཟུམ་མའི་ དཀའ་རྙོགས་མི་འཐོན་ནི་དང་ དཀའ་ངལ་སེལ་ཐབས་ལུ་ ཐབས་ཤེས་ག་ཅི་བཏོན་པ་ཅིན་ དྲག་ནི་ཨིན་ན་ གྲོས་བསྡུར་འབད་ནིའི་དོན་ལུ་ ནང་སྲིད་ལྷན་ཁག་ལུ་ཡང་ སྙན་ཞུ་འབད་དེ་ཡོད་ཟེར་ཨིན་པས།
སོ་ནམ་དྲུང་ཆེན་གྱིས་འབད་བ་ཅིན་ སྤྱི་ཟླ་༥ པའི་ཚེས་༣༠ ལས་ཚུར་ ལུང་ནག་ནང་ལུ་ ཨ་རྟག་གི་ གནས་སྟངས་ནང་ ལོག་ལྷོད་ཡོད་ཟེར་ཨིནམ་ད་ ཧམ་འཛུལ་འབད་མི་ཚུ་ ས་ཁོངས་དེ་ནང་ལས་ སོང་ཡོདཔ་ལས་ ད་ལྟོ་ སྐྱིད་ཏོང་ཏོ་གི་ གནས་སྟངས་ལུ་ གྱུར་ཏེ་ཡོད་ཟེར་ཨིན་པས།
ལྷན་ཁག་གི་ ཞུ་བ་དང་འཁྲིལ་ འབྲུག་གི་ཁྲིམས་སྲུང་འགག་སྡེ་ལས་ གངས་ཆེན་ཕུག་ལུ་ ཁྲིམས་སྲུང་འགག་པ་༡༠ བཙུགས་ཡོད་མིའི་གུ་ འཇིགས་མེད་རྡོ་རྗེ་རྒྱལ་ཡོངས་གླིང་ཁའི་ ས་ཁོངས་ནང་འཁོད་ཀྱི་ ནགས་ཚལ་གླིང་འཛིན་ཡིག་ཚང་དག་པ་ཅིག་ནང་ ཁྲིམས་སྲུང་དམག་མི་ དག་པ་ཅིག་ བཙུགས་ཏེ་ཡོད་ཟེར་ དྲུང་ཆེན་རིག་འཛིན་རྡོ་རྗེ་གིས་ བཤདཔ་ཨིན་པས།
ང་བཅས་ཀྱིས་ ལྟ་རྟོག་དམ་དམ་འབད་ནི་ཨིནམ་མ་ཚད་ གལ་སྲིད་ ཚུལ་མིན་གྱི་སྒོ་ལས་ བསྡུ་བསྒྱོམ་འབད་བ་ཅིན་ ཐོན་སྐྱེད་དེ་ཚུ་ འཕྱོག་བཟུང་འབད་འོང་ཟེར་ དྲུང་ཆེན་གྱིས་ བཤད་པའི་ཁར་ དབྱར་རྩྭ་དགུན་འབུབ་བསྡུ་བསྒྱོམ་འབད་སའི་ ས་ཁོངས་ཚུ་ནང་ དུས་རྒྱུན་དུ་ ལྟ་རྟོག་འབད་མི་ ནགས་ཚལ་ལས་བྱེདཔ་༡༢ དེ་ཅིག་ཡོད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

About admin

Check Also

རྩི་རང་གི་ ས་གནས་གཞུང་གི་བཙག་འཐུའི་ནང ཁས་བླངས་གཙོ་བོ་ ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ རྩི་རང་སྟོད་ཀྱི་ ས་གནས་གཞུང་གི་འདེམས་ངོ་སྦེ་ གདམ་འཐུ་གྲུབ་མི་༡༡ ཡོདཔ་བཞིན་དུ་ ག་རང་གིས་ ཆུའི་དཀའ་ངལ་བསལ་ནི་ལུ་ གཙོ་རིམ་བཟུང་ཡོདཔ་མ་ཚད་ ཞིང་ཆུ་ལངམ་སྦེ་ མཁོ་སྤྲོད་འབད་ནི་ཨིན་པས། ཨིན་རུང་ ཚོགས་རྒྱན་བཙུགས་མི་ཚུ་གིས་འབད་བ་ཅིན་ ཧེ་མ་ཡང་ འདེམས་ངོ་ཚུ་ བཙག་འཐུ་གྲུབ་ཞིནམ་ལས་ …

Leave a Reply

Your email address will not be published. Required fields are marked *