ཕོབ་སྦྱིས་ཁ་ལུ་བཏང་བཞག་མི་ ལུང་ནག་པའི་རྟ་ཚུ།

དབང་འདུས་རྫོང་ཁག་གི་ རྒེད་འོག་ཚུ་ནང་ ལུང་ནག་པའི་རྟ་གིས་ གདོང་ལེན་འབྱུང་དོ་ཡོདཔ།

༉ གནམ་དགུན་རནམ་ད་ གང་སྟེང་དང་ ཕོབ་སྦྱིས་ཁ་ སྦྱེ་ནག་ སྲས་ཕུག་གི་ ལུང་གཤོང་ཚུ་ནང་ མགར་ས་རྫོང་ཁག་ ལུང་ནག་ན་རྒེད་འོག་གི་ རྟ་ཚུ་གིས་ གང་དོ་ཡོདཔ་ལས་ དཀའ་ངལ་གྱི་ གཞི་གནད་ཅིག་ལུ་ གྱུར་ཡོདཔ་ཨིན་པས།

ལུང་ནགཔ་ཚུ་གིས་ གནམ་དགུན་གྱི་ གནམ་གཤིས་བསིལ་དྲག་ལས་ ཟུར་ཐབས་ལུ་ ཁ་དམའ་ས་ཚུ་ནང་ རྒྱགས་སྐལ་འབག་སྟེ་ ཁོང་གི་སེམས་ཅན་ཚུ་དང་གཅིག་ཁར་ སྡོད་དོ་ཡོདཔ་ཨིན་པས།

ཁོང་རའི་གཡུས་ཁ་འགྱོ་སའི་ལམ་ཚུ་ ཁཝ་གིས་ མ་བསུབས་པའི་ཧེ་མར་ ལོག་འགྱོ་དོ་ཡོད་རུང་ རྟ་ཚུ་ ས་གནས་ཀྱི་ མི་རེ་གཉིས་ལུ་ བདག་འཛིན་འཐབ་བཅུག་དོ་ཡོདཔ་ཨིན་པས།

ལམ་ལུགས་དེ་གིས་ དབང་འདུས་རྫོང་ཁག་གི་ རྒེད་འོག་བཞི་ནང་ ཚ་གྱང་ཅན་གྱི་ གནད་དོན་ཅིག་ལུ་ གྱུར་ཡོདཔ་ལས་ སྤྱི་ ཟླ་༤ པའི་ཚེས་༣༠ ལུ་འཚོགས་མི་ རྫོང་ཁག་ཚོགས་འདུའི་ནང་ཡང་ གྲོས་བསྡུར་འབད་ཡོདཔ་ཨིན་པས།

སྦྱེ་ནག་རྒཔོ་ དཀར་མདོག་གིས་ སླབ་མིའི་ནང་ ན་ཧིང་ལོ་ནང་ མཁོ་ཐང་ཁའི་གཡུས་མི་དང་ ས་གནས་ཀྱི་འགོ་ཁྲིདཔ་ཚུ་ལུ་ ལོ་རྒྱུས་ག་ནི་ཡང་མ་སླབ་པར་ རྟ་ཚུ་ག་ལྷོད་བཏང་བཞག་ནུག་ཟེར་ཨིན་པས།

རྒཔོ་གིས་འབད་བ་ཅིན་ གནད་དོན་དེ་ ཐེངས་ལེ་ཤ་ཐོན་ཡོད་པའི་ཁར་ ཁྲིམས་འདུན་ལུ་ཡང་ ལྷོད་ཅི་ཟེར་བཤད་པའི་ཁར་ ན་ཧིང་ སྦྱེ་ནག་དང་ རུས་པའི་ས་ལས་ཨིན་མི་ ཕོ་སྐྱེས་༡༥ དེ་ཅིག་གིས་ དབུགས་འགམ་པའི་ཤུགས་ཀྱིས་ རྟ་དྲེལ་༡༧༢ མཁོ་ཐང་ཁ་ལས་ ཏི་ཀི་ཟམ་པ་ཚུན་ བདའ་བཏང་མི་ལུ་ དབང་འདུས་རྫོང་ཁག་ཁྲིམས་འདུན་གྱིས་ རྟ་དྲེལ་གྱི་ཇོ་བདག་ཚུ་ལུ་ དངུལ་ཀྲམ་༦,༦༦༧ རེ་ རྒུད་གསོའི་འཐུས་སྦེ་ སྤྲོད་བཅུག་ནུག་ཟེར་ཨིན་པས།

དེ་མ་ཚད་ མི་ཚུ་ལུ་ བྱ་ངན་འབད་བའི་ཉེས་འཛུགས་ བཙོན་ཁྲིམས་ལོ་རེ་ཡང་ བཀལ་ཡོདཔ་ལས་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ཡོད་མིའི་འཁྲུན་ཆོད་ལུ་ བསྒུག་སྟེ་ཡོད་ཟེར་ཨིན་པས།

ས་གནས་ཀྱི་འགོ་ཁྲིདཔ་ཚུ་གིས་ རྟའི་གྱངས་ཁ་ ལེ་ཤ་ཡོདཔ་ལས་ ཁོང་གི་རྩྭ་འབྲོག་མེདཔ་བཏངམ་མས་ཟེར་ཨིནམ་ད་ ཚོད་བསྲེ་ལྡུམ་ར་ལུ་ གནོདཔ་བཀལཝ་མ་ཚད་ ས་གནས་ཀྱི་ སེམས་ཅན་ཚུ་ རྩྭ་མ་ལང་པའི་ དཀའ་ངལ་ཐོནམ་མས་ཟེར་ཨིན་པས།

སྲས་ཕུག་རྒཔོ་རིན་ཆེན་དཔལ་འབྱོར་གྱིས་ ལུང་ནག་ན་གི་རྟ་ཚུ་ སྲས་ཕུག་སློབ་གྲྭའི་ཉེ་འདབས་ལས་ཕར་ བཞག་ དོ་ཡོདཔ་ལས་ སློབ་ཕྲུག་ཚུ་ལུ་ཡང་ ཉེན་ཁ་འདུག་ཟེར་ཨིན་པས།

ཕམ་ཚུ་ རང་སོའི་སློབ་ཕྲུག་ཨ་ལོ་ཚུ་ བདག་འཛིན་འབད་དེ་ སློབ་གྲྭ་ནང་ བཏང་དགོ་པས་ཟེར་ཨིནམ་ད་ འཁོར་ ལམ་བདའ་འགྱོ་མི་གིས་ འགྲོ་འགྲུལ་འབད་མི་ཚུ་ལུ་ཡང་ ཉེན་ཁ་འདུག་ཟེར་ཨིན་པས།

སློབ་དཔོན་༢ ཀྱི་སྣུམ་འཁོར་ལུ་ རྟ་གིས་གནོད་པ་རྐྱབ་ཡོད་རུང་ རྟ་ལེ་ཤ་ཡོད་པའི་བསྒང་ལས་ ག་ཨིན་ན་མི་ཤེས་པས་ཟེར་ཨིནམ་ད་ སྦྱེ་ནག་རྒཔོ་གིས་ སེམས་ཅན་ཚུ་ བཞག་མ་ཆོགཔ་སྦེ་སླབ་རུང་ སྲས་ཕུག་རྒཔོ་གིས་ འབད་བ་ཅིན་ ཞག་གཉིས་དེ་ཅིག་ བཞག་ཆོགཔ་སྦེ་ བཟོ་དགོཔ་འདུག་ཟེར་ཨིན་པས།

རིན་ཆེན་དཔལ་འབྱོར་གྱིས་ སླབ་མིའི་ནང་ སྲས་ཕུག་དེ་ ལུང་ནགཔ་ཚུ་གི་དོན་ལུ་ འགྲོ་འགྲུལ་འབད་ས་ཨིནམ་ལས་ ཁོང་གི་ རྒྱགས་སྐལ་ཚུ་ ལམ་དེ་ཁ་ལས་ འབག་དགོ་ནི་དེ་གིས་ འགྲོ་འགྲུལ་འབད་བའི་སྐབས་ ཞག་རེ་གཉིས་རེ་ སྡོད་བཅུག་དགོ་ཟེར་ཨིན་པས།

ལུང་ནགཔ་གི་ རྟ་བཞག་མི་ལུ་བརྟེན་ ས་གནས་ནང་ སྤྱང་ཁྱི་གི་གྱངས་ཁ་ཡང་ ཡར་སེང་ཡོདཔ་ལས་ དཀའ་ངལ་ཡོད་ཟེར་ཨིན་པས།

སྒང་སྟེང་རྒཔོ་ རྒྱལ་མཚན་གྱིས་ བཤད་མིའི་ནང་ སྤྱི་ལོ་༢༠༡༧ ལུ་ ལུང་ནག་ན་གི་རྟ་ཚུ་ རྒེད་འོག་དེ་༢ ནང་ བཏང་མ་ཆོག་ པའི་གསལ་བསྒྲགས་འབད་ཡོད་རུང་ རྟའི་གྱངས་ཁ་ མར་བབས་འགྱོ་ནི་མེན་པར་ ཡར་སེང་འགྱོ་དོ་བཟུམ་སྦེ་ ཚོར་ཡི་ཟེར་ཨིན་པས།

གནད་དོན་ཅིག་དེ་ ཚེ་མཐར་གྱི་སེམས་ཅན་ཚུ་ ས་གནས་ཀྱི་འགོ་ཁྲིདཔ་ཚུ་དང་ གྲོས་བསྟུན་མེད་པར་ བཏང་བཞག་མི་ཚུ་ ཤི་ བའི་སྐབས་ རོ་ཁྱི་ཚུ་གིས་ ཟ་དོ་ཡོདཔ་ད་ སྤྱང་ཁྱིའི་གྱངས་ཁ་ ཡར་སེང་འགྱོ་མི་གིས་ ཨ་ལོ་དང་ ལོ་ན་རྒས་མི་ དེ་ལས་ སྒོ་ནོར་སེམས་ཅན་ཚུ་ལུ་ གནོདཔ་བཀལཝ་མས་ཟེར་ཨིན་པས།

ལུང་ནག་ན་རྒཔོ་ ཀ་ཀ་གིས་ གནམ་དགུན་ལུ་ ལུང་ནགཔ་ཚུ་གི་ སེམས་ཅན་ཚུ་ ཁ་དམའ་ས་མ་བདའ་བར་ བྱ་ཐབས་མེད་པའི་ གནས་སྟངས་ཅིག་ཨིན་ཟེར་བཤད་པའི་ཁར་ དབང་འདུས་ལུ་ བཞགཔ་ད་ཡང་ ས་གནས་ཀྱི་ མི་རེ་གཉིས་ལུ་ འཐུས་སྤྲོད་དེ་ བཞག་དོ་ཟེར་ཨིན་པས།

ང་བཅས་ཀྱི་དོན་ལུ་ རྟ་ཚུ་སྣུམ་འཁོར་བཟུམ་ཅིག་ཨིནམ་ལས་ ལ་མཐོ་སར་ རྒྱགས་སྐལ་འབག་ནིའི་དོན་ལུ་ ཉེ་མཁོ་སྦོམ་ཡོད་ཟེར་ རྒཔོ་གིས་བཤད་ཅི།

ད་མ་ཚད་ རྒཔོ་གིས་ ད་ལས་ཕར་ ག་དེ་སྦེ་ འབད་ནི་ཨིན་ནའི་ཐད་ ཆེ་མཐོ་ཁྲིམས་འདུན་གྱིས་ འཁྲུན་ཆོད་གནང་མི་དང་འཁྲིལ་ འགྱོ་འོང་ཟེར་ བཤད་ཅི།

རྫོང་ཁག་ཚོགས་འདུའི་སྐབས་ འབྲུག་ཟ་ཆས་དང་ཁྲིམས་དོན་དབང་འཛིན་གྱི་ ཟུར་བཞག་དང་ ཚད་འཛིན་གོངམ་ མགོནམོ་རྒྱལ་མཚན་གྱིས་ ས་གནས་གཅིག་ལས་གཅིག་ནང་ སྤོ་འགྱོ་བའི་སྐབས་ གནང་བ་དགོཔ་ཁག་ཆེ་ཟེར་ཨིན་པས།

དེ་མ་ཚད་ སེམས་ཅན་ཚུ་ ནད་གཞི་མེད་ཟེར་བའི་ ཆོག་ཐམ་དགོ་པའི་ཁར་ སྨན་ཁབ་ཡང་ བཙུགས་དགོ་ཟེར་ ཁོ་གིས་ བཤད་ཡོདཔ་ད་ སེམས་ཅན་ཚུ་ བྱང་སྟོར་ཤོར་ནི་ལས་ འཛེམ་ཐབས་ལུ་ ས་གནས་ཀྱི་འགོ་ཁྲིདཔ་ཚུ་ལས་ གནང་བ་ལེན་དགོ་ ཟེར་ཨིན་པས།

གོང་གསལ་གྱི་ བྱ་རིམ་ཚུ་ཚང་པ་ཅིན་ འབྲུག་ཟ་ཆས་དང་ ཁྲིམས་དོན་དབང་འཛིན་གྱིས་ གནང་བ་སྤྲོད་འོང་ཟེར་ཨིནམ་ད་ སྤྱི་ལོ་༢༠༡༩ ལུ་ འབྲུག་ཟ་ཆས་དང་ ཁྲིམས་དོན་དབང་འཛིན་དང་ ཚེ་ཐར་ཚོགས་པ་ཚུ་དང་གཅིག་ཁར་ གནད་དོན་དེ་གི་སྐོར་ལས་ གྲོས་བསྟུན་འབད་ཡི་ཟེར་བཤདཔ་ཨིན་པས།

གནད་དོན་དེ་ རྒྱལ་ཡོངས་གནས་ཚད་ཀྱི་ ཚ་གྱང་ཅིག་ཨིན་ཟེར་བཤད་པའི་ཁར་ ཚེ་ཐར་གྱི་སེམས་ཅན་ཚུ་ ས་གནས་ཅིག་ནང་ གཏང་དགོ་པ་ཅིན་ རྒེད་འོག་དེ་ནང་ལས་ གནང་བ་དགོ་ཟེར་ཨིན་པས།

སྤྱི་ལོ་༢༠༡༧ ལོའི་ སྒོ་ནོར་སྒྲིག་གཞི་དང་ ལམ་ལུགས་དང་འཁྲིལཝ་ད་ སེམས་ཅན་གྱི་ཕན་བདེའི་ཚད་གཞི་ཡང་ དགོཔ་སྦེ་ ཡོད་རུང་ ད་ཚུན་ལུ་ བསྟར་སྤྱོད་ཐད་ ཉུང་སུ་ཅིག་ལས་བརྒལ་ འབད་མི་མེདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *