གསར་བཞེངས་འབད་མི་ དབང་འདུས་ཕོ་བྲང་རྫོང་།

དབང་འདུས་ཕོ་བྲང་རྫོང་ ལོག་གསར་བཞེངས་ཀྱི་ ལཱ་བརྒྱ་ཆ་༥༥ མཇུག་བསྡུ་ཡོདཔ།

༉ དབང་འདུས་ཕོ་བྲང་རྫོང་དེ་ མེ་མཆོད་བཞེས་པའི་ཤུལ་ལས་ སྤྱི་ལོ་༢༠༡༤ ལུ་ བཟོ་བཀོད་སྔར་ག་ཨིནམ་སྦེ་ ལོག་གསར་བཞེངས་འབད་ནི་ འགོ་བཙུགས་ཞིནམ་ལས་ཚུར་ ད་ཚུན་གྱི་བར་ན་ ལཱ་བརྒྱ་ཆ་༥༥ མཇུག་བསྡུ་ནུག།
དེ་ཡང་ རྫོང་གི་ཀུན་ར་དང་ དབུ་རྩེ་གསར་བསྒྲུབས་འབད་ཡོདཔ་མ་ཚད་ བདག་སྐྱོང་གི་ བཟོ་སྐྲུན་ཆ་ཤས་ཅིག་ འབད་ཚར་ནུག།
ལས་འགུལ་གྱི་མདོ་ཆེན་ ཀུན་ལེགས་དབང་ཕྱུག་གིས་ སླབ་མིའི་ནང་ དབུ་རྩེའི་ཟུར་འབྲེལ་གྱི་ སྒྲིང་ཁྱིམ་ཚུ་དང་ འདུ་ཁང་ གྲྭ་ཤག་ཚུ་ བཟོ་སྐྲུན་འབད་མ་ཚར་བར་ཡོད་ཟེར་ཨིནམ་ད་ ང་བཅས་ཀྱིས་ རྫོང་གསར་བཞེངས་ཀྱི་ལཱ་ཚུ་ སྤྱི་ལོ་༢༠༢༡ ལུ་ མཇུག་བསྡུ་ཚུགསཔ་འབད་དེ་ རྫོང་ཁག་བདག་སྐྱོང་དང་ གྲྭ་ཚང་ལུ་ རྩིས་སྤྲོད་འབད་ནི་གི་ དམིགས་ཡུལ་བསྐྱེད་དོ་ཟེར་ ཁོ་གིས་ བཤདཔ་ཨིན་པས།
གསར་བཞེངས་ཀྱི་སྐབས བཞེས་སྒོ་དྲང་མི་དང་ སྦུངས་བསྒུལ་ཐོག་ ཞབས་ཏོག་ཞུ་མི་ ཁས་བླངས་པ་མང་རབས་ཅིག་ ཐོན་ཡོདཔ་ད་ ལས་འགུལ་དེ་ལུ་ ལས་མི་༣༥༡ ཡོདཔ་མ་ཚད་ སྤྱི་ཟླ་༤ པའི་ཚེས་༡༩ ཚུ་ སྦྱིན་བདག་ཐོན་མི་ཚུ་གིས་ བཞེས་སྒོ་ལན་ཐེངས་༡༦༥ དྲངས་ཡོདཔ་ཨིན་པས།
ཞབས་ཏོག་ཞུ་མི་ ཁས་བླངས་པ་ཚུ་ཡང་ ངོ་རྐྱང་དང་ སྡེ་ཚན་སྦེ་འོང་སྟེ་ དུས་ཡུན་ཆུ་ཚོད་༡ དང་ ཡང་ཅིན་ བདུན་ཕྲག་ལས་བཅད་དེ་ རྫོང་གསར་བཞེངས་ནང་ ལྷན་ཐབས་འབད་དོ་ཡོདཔ་ད་ སྤྱི་ལོ་༢༠༡༤ གི་ ལོ་མཇུག་བསྡུ་ཁམས་ལས་ ཁས་བླངས་པ་ཚུ་གིས་ ལས་མི་༢,༤༨༠ དེ་ཅིག་གི་རྩིས་ ཞབས་ཏོག་ཞུ་ཡོདཔ་ཨིན་པས།
ཀུན་ལེགས་དབང་ཕྱུག་གིས་འབད་བ་ཅིན་ ཁས་བླངས་པ་ཚུ་གིས་ ཞབས་ཏོག་ཞུ་མི་དང་ བཞེས་སྒོ་དྲང་མི་ ཐོན་མི་ཚུ་ལུ་བརྟེན་ བཟོ་སྐྲུན་གྱི་ གྲུབ་འབྲས་འཐོན་ནི་ལུ་ ལྷན་ཐབས་བྱུངམ་མ་ཚད་ ལས་མི་ཚུ་ལུ་ སེམས་ཤུགས་བསྐྱེདཔ་མས་ཟེར་ཨིན་པས།
ད་ཚུན་གྱི་བར་ན་ ལས་འགུལ་གྱིས་ རྫོང་གསར་བཞེངས་ཀྱི་དོན་ལུ་ འཆར་དངུལ་ཐེར་འབུམ་༡ ཡོད་མི་ལས་ དངུལ་ཀྲམ་ས་ཡ་༤༧༠ ཟད་འགྲོ་བཏང་ཡོདཔ་ཨིན་པས།
ཨིན་རུང་ ལཱ་གི་གནས་སྟངས་ བསྒྱུར་བཅོས་སོང་མི་དང་བསྟུན་ ལས་འགུལ་གྱིས་ འཆར་གཞི་༡༢ པའི་ནང་ མ་དངུལ་ཐེབས་ དངུལ་ཀྲམ་ས་ཡ་༢༥༠ དགོཔ་སྦེ་ གྲོས་འཆར་བཙུགས་ཏེ་ཡོད་ཟེར་ ཀུན་ལེགས་དབང་ཕྱུག་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ལས་འགུལ་ལུ་ གདོང་ལེན་སྦོམ་ཤོས་ར་ དབུ་རྩེ་དང་ ས་དོང་གི་ལམ་ བཟོ་སྐྲུན་འབད་ནི་ཚུ་ནང་ བྱུང་ཡི་ཟེར་ཨིནམ་ད་ ད་རུང་ ལས་འགུལ་དེ་ནང་ ལཱ་འབད་མི་ ལས་མི་ཁག་མ་འདྲཝ་ཡོད་མི་ཚུ་ འཛིན་སྐྱོང་འཐབ་ནི་ལུ་ཡང་ དཀའ་ངལ་བྱུངམ་མས་ཟེར་ཨིན་པས།
སྤྱི་ལོ་༡༦༣༨ ལུ་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གིས་ སྤུ་ན་གཙང་ཆུ་དང་ དྭངས་ཆུ་འཛོམས་སའི་ སྒང་ཏོག་གུ་ ཤར་དར་བརྒྱད་ཀྱི་ རྫོང་ཁག་ལྟེ་བ་སྦེ་ བཞེངས་གནང་མི་ དབང་འདུས་ཕོ་བྲང་རྫོང་དེ་ སྤྱི་ལོ་༢༠༡༢ ཟླ་༦ པའི་ཚེས་༢༤ ལུ་ མེ་མཆོད་བཞེས་ཡོད་པའི་གནས་ཚུལ།

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *