མི་དབང་མངའ་བདག་རིན་པོ་ཆེ་མཆོག་ དབང་འདུས་ཕོ་བྲང་རྫོང་གི་ དབུ་རྩེ་གུ་ གསེར་ཏོག་བཀལ་བའི་ རྟེན་འབྲེལ་ནང་ བྱོན་གནང་པའི་བསྒང་།

དབང་འདུས་ཕོ་བྲང་རྫོང་གི་ དབུ་རྩེ་གུ་ གསེར་ཏོག་བཀལ་གནང་ཡོདཔ།

༉ ཁ་ཙ་ དུས་ཆེན་ལྔ་འཛོམས་ཀྱི་ ཉིནམ་ཁྱད་པར་ཅན་དང་བསྟུན་ དབང་འདུས་ཕོ་བྲང་རྫོང་གི་ དབུ་རྩེ་གུ་ གསེར་ཏོག་བཀལ་བའི་ རྟེན་འབྲེལ་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དབུ་བཞུགས་མཛད་གནང་ནུག།
རྒྱལ་ཁབ་ནང་ རྫོང་གཞིས་རྙིང་ཤོས་༣ པ་ཨིན་མི་ དབང་འདུས་ཕོ་བྲང་རྫོང་དེ་ རང་ལུགས་གནམ་ལོ་ ཆུ་ཕོ་འབྲུག་ལོ་ ཟླ་༥ པའི་ཚེས་༥ སྤྱི་ལོ་༢༠༡༢ ཟླ་༦ པའི་ཚེས་༢༤ ལུ་ མེ་རྐྱེན་བྱུང་སྟེ་ ཉམས་སྐྱོན་སྦོམ་བྱུང་ཡོདཔ་ད་ མ་གཞི་ ནང་རྟེན་རྩ་ཅན་དང་ རིང་བསྲེལ་མང་ཤོས་ར་ ལོག་ཐོབ་ཡོད་རུང་ རྫོང་གཞིས་དེ་ རྩ་བ་ལས་ འཚིགས་སོཔ་ཨིན་པས།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ བཀའ་རྒྱ་དང་འཁྲིལ་ རྫོང་བསྐྱར་བཞེངས་ཀྱི་ལཱ་དེ་ སྤྱི་ལོ་༢༠༡༤ ཟླ་༡ པའི་ནང་ འགོ་བཙུགས་ཡོདཔ་ད་ མི་དབང་མཆོག་གིས་ རྫོང་ལོག་གསར་བཞེངས་ཀྱི་དོན་ལུ་ དངུལ་ཀྲམ་ས་ཡ་༢༣༠ གནང་ཡོདཔ་མ་ཚད་ འབྲུག་པའི་མི་སེར་གཅིག་མཐུན་ཐོག་ལས་ ལས་རིམ་སྣ་ཚོགས་འགོ་འདྲེན་འཐབ་སྟེ་ དངུལ་ཀྲམ་ས་ཡ་༩༣.༨༢༨ ཞལ་འདེབས་ཕུལ་ཡོདཔ་བཞིན་དུ་ རྒྱ་གར་གཞུང་གིས་ རྫོང་བསྐྱར་བཞེངས་ཀྱི་ མ་དངུལ་ཐེར་འབུམ་༡ བྱིན་ནི་སྦེ་ ཁས་ལེན་འབད་ཡོདཔ་ཨིན་པས།
སྤུ་ན་གཙང་ཆུ་དང་ དྭངས་ཆུ་འཛོམས་སའི་ སྒང་ཏོག་གུ་ཆགས་མི་ དབང་འདུས་ཕོ་བྲང་རྫོང་དེ་ དུས་རབས་༡༧ པའམ་ སྤྱི་ལོ་༡༦༣༨ ལུ་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་ ཤར་དར་བརྒྱད་ཀྱི་ རྫོང་གཞིས་ལྟེ་བ་སྦེ་ བཞེངས་གནང་པའི་ཤུལ་ལས་ མེ་རྐྱེན་བྱུང་སྟེ་ སྤྱི་ལོ་༡༨༣༧ དང་ སྤྱི་ལོ་༡༨༩༧ ལུ་ ས་ཡོམ་གྱིས་ གནོད་སྐྱོན་རྐྱབ་མི་ལུ་བརྟེན་ ལོག་བཞེངས་ཡོདཔ་ཨིན་པས།
ད་རེས་ དབུ་རྩེ་གསརཔ་དེ་ ས་ཡོམ་ལས་ བཟློག་ཚུགས་པའི་ འཕྲུལ་རིག་དང་ དེང་སང་གི་ མཐུན་རྐྱེན་ཚུ་དང་བཅསཔ་སྦེ་ བཞེངས་ཡོདཔ་ཨིན་པས།
དབང་འདུས་རྫོང་བསྐྱར་བཞེངས་ལས་འགུལ་གྱི་མདོ་ཆེན་ ཀུན་ལེགས་དབང་ཕྱུག་གིས་ སླབ་མིའི་ནང་ རྫོང་དེ་ བཟོ་བཀོད་སྔར་ག་ཨིནམ་སྦེ་ ལོག་གསར་བཞེངས་འབད་ནི་ འགོ་བཙུགས་ཞིནམ་ལས་ཚུར་ ད་ཚུན་གྱི་བར་ན་ ལཱ་བརྒྱ་ཆ་༥༨ མཇུག་བསྡུ་ཡི་ཟེར་ཨིན་པས།
གསེར་ཏོག་གི་ རྟེན་འབྲེལ་ནང་ བློན་ཆེན་ཚེ་རིང་སྟོབས་རྒྱས་དང་ རྒྱལ་ཡོངས་ཚོགས་སྡེའི་ ཁྲི་འཛིན་བཀྲིས་རྡོ་རྗེ་ གསོ་བའི་བློན་པོ་ རྟ་མགྲིན་དབང་ཕྱུག་ ནང་སྲིད་བློན་པོ་ ཟླ་བ་རྒྱལ་མཚན་ དེ་ལས་ གཞུང་དང་ ཞི་དྲག་ཁག་གི་ འགོ་དཔོན་ཚུ་གིས་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *