༉ དབང་བཙོང་ཐོག་ལས་ ལུས་འབྲེལ་འབད་ཡོད་པའི་ སྐྱེས་ལོ་༡༤ ལང་མི་ ཐིམ་ཕུག་ལུ་ སློབ་ཕྲུག་བུམོ་ཅིག་ ཕོཝ་ནང་ཨ་ལོ་ཆགས་ཏེ་ ཟླཝ་༦ ལང་ཡོདཔ་ཨིན་པས།
སློབ་རིམ་༤ པའི་ སློབ་ཕྲུག་བུམོ་དེ་ མོ་རའི་ཨའི་གི་ནུམོ་གི་ རྨགཔ་གིས་ དུས་ཅི་སྤྱི་ཟླ་༢ པའི་ནང་ གནམ་དགུན་གྱི་ངལ་གསོའི་སྐབས་ དབང་བཙོང་ལུས་འབྲེལ་འབད་ཡོདཔ་ཨིན་པས།
གནད་དོན་དེ་ ཐིམ་ཕུག་འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ དཔེ་ཚད་སྡེ་ཕྲན་གྱིས་ ཁྲིམས་སྲུང་འགག་པ་ལུ་ སྤྱི་ཟླ་༩ པའི་ཚེས་༥ ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ བཤད་མི་དང་འཁྲིལཝ་ད་ སློབ་དཔོན་ཚུ་གིས་ བུམོ་དེ་ གཟུགས་ཁར་ཉམས་མ་འདྲཝ་སྦེ་ར་ བཏགས་ཡོདཔ་མ་ཚད་ ན་ནི་ཚ་ནི་ལེ་ཤ་ཐོནམ་མས་ཟེར་ མོ་རའི་ཨའི་ལུ་ སྨན་ཁང་ནང་ བརྟག་དཔྱད་འབད་བར་ འཁྱིད་སོང་ཟེར་ སླབ་ནུག་ཟེར་ཨིན་པས།
བུམོ་དེ་ སྨན་ཁང་ནང་ བརྟག་དཔྱད་འབད་བའི་བསྒང་ལས་ ཕོཝ་ནང་ ཨ་ལོ་ཆགས་ཡོདཔ་སྦེ་ ངོས་འཛིན་བྱུངམ་ལས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
དོགས་ཅན་ཕོ་སྐྱེས་དེ་ སྐྱེས་ལོ་༤༧ ལང་ཡོདཔ་ད་ ཁོ་ལུ་ ཨ་ལོ་༤ ཡོདཔ་ཨིན་པས།
དོགས་ཅན་དེ་ རྡོ་བཟོཔ་སྦེ་ ལཱ་འབད་སྡོད་མི་ཅིག་ཨིནམ་ད་ རྐྱེན་ངན་དེ་ ན་ཧིང་ བུམོ་དེ་གི་ ཕམ་གཉིས་ཆ་ར་ ལཱ་ནང་ལས་ འགྱོ་དགོཔ་ཐོན་པའི་སྐབས་ ཉམས་རྒུད་པའི་ ཨ་མ་དང་ མོ་རའི་རྨགཔ་དང་གཅིག་ཁར་ བཞག་ཡོདཔ་སྦེ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་མི་དང་འཁྲིལཝ་ད་ རྐྱེན་ངན་དེ་ཡང་ ཉམས་རྒུདཔ་དེ་གི་ ཨ་མ་དེ་ ཟ་ཁང་ནང་ལཱ་འབད་མི་ཅིག་ཨིནམ་ལས་ ཁྱིམ་ནང་ ཕྱིས་སུ་སྦེ་ ལྷོད་དོ་ཡོདཔ་ལས་ ཁྱིམ་ནང་ མོ་དང་ ཨ་མ་གི་རྨགཔ་༢ སྡོད་པའི་སྐབས་ལུ་ བྱུང་ཡོདཔ་སྦེ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ དོགས་ཅན་ཕོ་སྐྱེས་དེ་ དེ་ཚེ་ཉིན་མ་ར་ འཛིན་བཟུང་འབད་དེ་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་བཙུགས་ཡོདཔ་ད་ ཁོ་གིས་ ཉེས་ལས་འཐབ་ཡོད་པའི་ རྫུན་ཁ་བཟེད་ཡོདཔ་ཨིན་པས།
འབྲུག་གི་ཉེས་འགེལ་ཁྲིམས་དེབ་དང་འཁྲིལཝ་ད་ སྐྱེས་ལོ་༡༢ ལས་༡༨ ཚུན་གྱི་ ཨ་ལོ་ཚུ་ལུ་ འཁྲིག་སྤྱོད་ཀྱི་ བྱ་སྤྱོད་གང་རུང་འཐབ་པ་ཅིན་ རྩོད་ཟླ་དེ་ སྐྱེས་ལོ་༡༢ ཡན་ཆད་འབད་མི་ ཨ་ལོ་ལུ་ བཙན་གཡེམ་གནོད་འགེལ་གྱི་ ཉེས་སྐྱོན་ཨིནམ་སྦེ་ བརྩི་དགོ་ཟེར་འཁོད་དེ་འདུག།
དེ་འབདཝ་ལས་ དོགས་ཅན་ཕོ་སྐྱེས་དེ་ལུ་ ཉེས་ཁྲིམས་ དབྱེ་རིམ་༢ པའི་ ཉེས་ཆེན་ཕོག་ཉེན་ཡོད་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།