དབང་བཙོང་ལུས་འབྲེལ་གྱི་གནད་དོན་ མང་སུ་ཐོན་དོ་ཡོདཔ།

༉ འདས་པའི་ཟླཝ་ནང་ སྤ་རོ་ ས་མཚམས་མཆོད་རྟེན་གྱི་ས་ཁོངས་ནང་ བུམོ་ཅུང་ཅིག་ལུ་ དབང་བཙོང་ཐོག་ལས་ ལུས་འབྲེལ་འབད་བའི་ཤུལ་ལས་ དམར་བསད་འབད་བའི་ཞིབ་དཔྱད་ མཇུག་མ་བསྡུཝ་ལས་ར་ ད་རུང་ དེ་བཟུམ་མའི་ བྱ་ངན་འབད་བའི་ ལོ་རྒྱུས་ཚུ་ ཐོནམ་ཨིན་མས།
དབང་བཙོང་ཐོག་ལས་ ལུས་འབྲེལ་འབད་མི་ཚུ་ཡང་ མང་ཤོས་ར་ ན་ཆུང་བུམོ་ཚུ་ལུ་ཨིནམ་ད་ དེ་ཡང་ སྐྱེས་ལོ་༢༠ ཡན་ཆད་འབད་མི་ ཕོ་སྐྱེས་ཚུ་གིས་ འབད་དོ་ཡོདཔ་ད་ དེ་བཟུམ་མའི་ གནས་ཚུལ་ཚུ་གོཝ་ད་ མི་སྡེ་ནང་ རྣམ་རྟོག་ལང་དགོ་པའི་ གཞི་གནད་ཅིག་ཨིན་མས།
ད་རེས་ དར་དཀར་ནང་ལུ་ཡང་ དབང་བཙོང་ཐོག་ལས་ ལུས་འབྲེལ་འབད་བའི་སྐོར་ལས་ ལོ་རྒྱུས་ཐོན་མི་དེ་ཡང་ ངེས་བདེན་ཨིན་པ་ཅིན་ ཟླཝ་༢ ཀྱི་ནང་འཁོད་ལུ་ར་ དབང་བཙོང་ལུས་འབྲེལ་གྱི་ གནད་དོན་ལེ་ཤ་འཐོན་ནི་ཨིན་པས།
ཨིན་རུང་ བུམོ་ཅུང་ཚུ་ལུ་ སྤ་རོ་ལུ་བྱུང་མི་ བྱ་ངན་བཟུམ་སྦེ་ དམར་བསད་མ་འབད་མི་ལུ་བརྟེན་ ཁ་རྗེ་བཟང་ནུག།
སེམས་ཕམ་བྱུང་བའི་ ལོ་རྒྱུས་གཅིགཔོ་དེ་ དེ་བཟུམ་མའི་ བྱ་ངན་འབད་བའི་ཤུལ་ལས་ ཕམ་དང་སྤུན་ཆ་ཚུ་གིས་ བར་ན་ལས་ བློ་སླབ་སྟེ་ གཉེན་བསྡོམ་བྱིན་ནིའི་ དཔའ་བཅམ་ཡོདཔ་ལས་ ཕམ་ཚུ་གིས་ཡང་ བྱ་ངན་དེ་བཟུམ་འབད་མི་ཚུ་ལུ་ ཕན་གྲོགས་འབད་དོ་བཟུམ་མའི་ ཚོར་སྣང་བྱུངམ་ཨིན་མས།
དེ་སྦེ་ཨིན་པ་ཅིན་ ཕམ་ཚུ་གིས་ རང་གི་བུམོ་ ཆུང་ཀུ་བསྒང་ལས་ ཕོ་སྐྱེས་ཚུ་གིས་ དབང་བཙོང་ཐོག་ལས་ ལུས་འབྲེལ་འབད་མི་ལུ་ ངོས་ལེན་ཡོད་པའི་ བརྡ་མཚོན་སྟོན་མི་དེ་ཡང་ ཕམ་ཚུ་གིས་ ཁྲིམས་འགལ་ཐོག་ལས ཆུང་གཉེན་བཏགས་ནི་ལུ་ ངོས་ལེན་འབད་ནི་དེ་གིས་ཨིན།
དང་ཕུ་འབད་བ་ཅིན་ གྲོང་གསེབ་ནང་ལས་ཕར་སྡོད་མི་ བུམོ་ཚུ་གིས་ སྐྱེས་ལོ་༡༣ དེ་ཅིག་ལས་ གཉེན་རྐྱབ་སྟེ་ ཨ་ལོ་སྐྱེས་བའི་ སྲོལ་ཡོད་རུང་ དུས་ཀྱི་འགྱུར་བ་དང་བསྟུན་ བུམོ་ཚུ་ལུ་ རང་གི་དབང་ཆ་བྱིན་ཐབས་ལུ་ ཁྲིམས་མཐུན་ཐོག་ལས་ གཉེན་རྐྱབ་ནིའི་ལོ་ཚད་ཚུ་ བཟོ་སྟེ་ཡོདཔ་ལས་ དེ་དང་འཁྲིལ་མ་འབད་པ་ཅིན་ དབང་བཙོང་གི་གྲངས་ཚུ་ ཚུདཔ་ཨིན་མས།
ཁྲིམས་དེ་ཚུའི་སྐོར་ལས་ ཕམ་ཚུ་གིས་འབད་རུང་ ལེགས་ཤོམ་སྦེ་ ཧ་གོ་སྟེ་ རང་གི་བུ་གཞི་ལུ་ དེ་བཟུམ་འབད་མི་ཐོནམ་ད་ ཁྲིམས་དང་འཁྲིལ་འབད་ནི་མེན་པར་ ཧེང་སྐལ་ར་ དབང་འཛིན་ཚུ་གིས་ མ་ཤེསཔ་སྦེ་ གསང་བའི་ཐོག་ལས་ གཉེན་བསྡོམ་བྱིན་ནིའི་ མནོ་བསམ་བཏང་མི་དེ་ འཛོལ་བ་ཨིན་པས།
དེ་བཟུམ་སྦེ་ གཉེན་བསྡོམ་བྱིན་མིའི་སྲོལ་དེ་ཡང་ མང་ཤོས་ར་ གྲོང་གསེབ་ནང་སྡོད་མི་ ཕམ་ཚུ་གིས་ རང་གི་བུམོ་དེ་ལུ་ རྨགཔ་ཅིག་དགོ་པས་མནོ་སྟེ་ གཉེན་སྦྲགས་བྱིན་དོ་ཡོདཔ་ལས་ ཕམ་ཚུ་གིས་འབད་རུང་ དེ་བཟུམ་འབད་ནི་ལས་ འཛེམ་ནི་དེ་ ཁག་ཆེ་བས།
དེ་མ་ཚད་ ཕམ་ཚུ་གིས་ བྱ་ངན་དེ་བཟུམ་འབད་བའི་སྐོར་ལས་ ཤེས་པ་ཅིན་ རང་གིས་མ་ཚད་ ག་གི་ཨ་ལོ་ལུ་བྱུང་སྟེ་འབད་རུང་ དབང་འཛིན་ལུ་ སྙན་ཞུ་འབད་ནི་དེ་ སེམས་ཁར་བཞག་དགོ།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *