དབང་བཙོང་འདོད་སྤྱོད་འབད་མི་ ཕོ་སྐྱེས་ཅིག་ལུ་ བཙོན་ཁྲིམས་ལོ་༩ བཀལ་ཡོདཔ།

༉ པདྨ་དགའ་ཚལ་ རྫོང་ཁག་ཁྲིམས་འདུན་གྱིས་ སྐྱེས་ལོ་༢༨ ལང་མི་ ཕོ་སྐྱེས་ཅིག་ལུ་ བཙོན་ཁྲིམས་ལོ་༩ བཀལ་མི་དེ་ཡང་ ཕོ་སྐྱེས་དེ་གིས་ སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་ལུ་ དབང་བཙོང་འདོད་སྤྱོད་འབད་མི་ལུ་བརྟེན་ཨིན་པས།

དེ་ཡང་ སྤྱི་ཟླ་༥ པའི་ཚེས་༧ ལུ་ རྫོང་ཁག་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་མི་དང་འཁྲིལཝ་ད་ པདྨ་དགའ་ཚལ་ ཕྱི་མུང་རྒེད་འོག་ གཡུས་ཉ་སི་མཁར་ལས་ཨིན་མི་ ཕོ་སྐྱེས་དེ་གིས་ དུས་ཅི་ སྤྱི་ཟླ་༣ པའི་ནང་ གཡུས་ཉ་སི་མཁར་ལུ་སྦེ་ སློབ་རིམ་༩ པའི་ནང་ དཔེ་ཆ་ལྷབ་མི་ སྐྱེས་ལོ་༡༥ ལང་མི་བུམོ་དེ་ལུ་ དབང་བཙོང་འདོད་སྤྱོད་འབད་ཡོདཔ་སྦེ་ཨིན་པས།

དེ་ཡང་ ཉམས་རྒུདཔ་བུམོ་དེ་གི་ ཕོ་རྒནམ་གིས་ རྐྱེན་ངན་བྱུང་བའི་སྐོར་ སྤྱི་ཟླ་༣ པའི་ཚེས་༡༠ ལུ་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབད་ཡོདཔ་བཞིན་དུ་ དེ་འཕྲོ་ལས་ བྱ་ངན་འབད་སའི་ས་ཁོངས་ནང་ ཞིབ་དཔྱད་འབད་བའི་སྐབས་ ཕོ་སྐྱེས་དེ་དང་ ཉམས་རྒུདཔ་སློབ་ཕྲུག་བུམོ་དེ་ ཨ་རོགས་དགའ་རོགས་བཟོ་བའི་ཤུལ་ལས་ ལུས་འབྲེལ་འབད་ནུག་ཟེར་ ཨིན་པས།

དེ་བཟུམ་སྦེ་ ཞིབ་དཔྱད་འབད་བའི་ སྒྲུབ་བྱེད་ཚུ་ཡང་ ཉེས་འཛུགས་འབད་མི་ཕོ་སྐྱེས་དང་ ཉམས་རྒུདཔ་བུམོ་༢ གཡུས་གཅིག་ལས་ཨིནམ་མ་ཚད་ ཕོ་སྐྱེས་དེ་གི་ཨ་རྒས་དང་ ཉམས་རྒུདཔ་བུམོ་གི་ཨང་རྒས་༢ ཕ་གཅིག་མ་གཅིག་གི་སྤུན་ཆ་ཨིན་རུང་ ཁོང་རང་༢ མི་སྡེ་བརྡ་བརྒྱུད་ མེ་སཱེན་ཇར་ནང་ དགའ་མཐུན་བཟོ་སྟེ་ ལོ་༡ ལང་ཡོདཔ་སྦེ་ཨིན་པས།

ཕོ་སྐྱེས་དེ་ སློབ་རིམ་༡༢ པ་མཐར་འཁྱོལ་བའི་ཤུལ་ལས་ གཡུས་ཁར་སྡོད་ཡོདཔ་བཞིན་དུ་ ཉམས་རྒུདཔ་བུམོ་དེ་ཡང་ སློབ་གྲྭའི་ངལ་གསོ་ནང་སྡོད་པའི་སྐབས་ དགའ་མཐུན་བཟོ་ཡོདཔ་ད་ དེ་བསྒང་ ཕམ་དང་ སྤུན་ཆ་ཚུ་གིས་ མ་ཤེསཔ་ཨིན་པས།

ཨིན་རུང་ སྤྱི་ཟླ་༣ པའི་ཚེས་༩ ལུ་ ཉམས་རྒུད་པའི་ཨའི་གིས་ བུམོ་ཉལ་སའི་ཁང་མིག་ནང་ འགྱོ་ལྟ་བའི་སྐབས་ ཕོ་སྐྱེས་དེ་ བུམོ་གི་མལ་ཆ་ནང་ ཉལ་སྡོད་སར་མཐོངམ་ལས་ ཁོང་༢ སྤུན་ཆ་ཕོག་ནི་དེ་གིས་ གཉེན་རྐྱབ་མ་བཏུབ་པའི་སྐོར་ སླབ་པའི་ཤུལ་ལས་ ཚོགས་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།

དེ་འབདཝ་ལས་ ཕོ་སྐྱེས་དེ་གིས་ སྐྱེས་ལོ་༡༢ ལང་མི་ཡན་ཆད་ལུ་ དབང་བཙོང་འདོད་སྤྱོད་ཀྱི་ གནོད་འགེལ་འཐབ་མི་དེ་ འབྲུག་གི་ཉེས་འགེལ་ཁྲིམས་འཕྲི་སྣོན་༢༠༢༡ ཅན་མའི་ དོན་ཚན་༡༨༣ གྱི་དགོངས་དོན་དང་འཁྲིལ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་འཕྲི་སྣོན་༢༠༡༡ ཅན་མའི་དོན་ཚན་༡༨༤ པའི་དགོངས་དོན་ལྟར་ དབྱེ་རིམ་༢ པའི་ཉེས་ཁྲིམས་ཕོགཔ་ཨིན་པས།

དབྱེ་རིམ་༢ པའི་ཉེས་ཁྲིམས་དེ་ ཉེས་ཆེན་གྱི་ཉེས་ཁྲིམས་དམའ་ཤོས་ལོ་༩ དང་ མཐོ་ཤོས་ལོ་༡༥ འོག་རྒྱུའི་བར་ན་ ཉེས་ཁྲིམས་སྨིན་དགོཔ་འདུག་ཟེར་ ཉེས་འདོགས་པ་ རྩོད་དཔོན་ཡོངས་ཁྱབ་ཀྱི་ ངོ་ཚབ་ཀྱིས་ ཁྲིམས་འདུན་ལུ་ ཞུ་བ་ཕུལ་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ ཉེས་འདོགས་པ་ རྩོད་དཔོན་ཡོངས་ཁྱབ་ཀྱི་ ངོ་ཚབ་ཀྱིས་ ཕོ་སྐྱེས་དེ་གིས་ སྐྱེས་ལོ་༡༢ ཡན་ཆད་འབད་མི་ཉམས་རྒུདཔ་བུམོ་དེ་ལུ་ དབང་བཙོང་འདོད་སྤྱོད་ཀྱི་ གནོད་འགེལ་ལུ་བརྟེན་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་༢༠༠༤ ཅན་མའི་ དོན་ཚན་༣༦ དང་ དོན་ཚན་༢༠༢ པའི་དགོངས་དོན་ལྟར་ ཉམས་རྒུདཔ་ལུ་ གང་འོས་ཀྱི་གྱོང་འཐུས་ སྤྲོད་དགོ་པའི་བཀའ་རྒྱ་གནང་ཐབས་ཀྱི་ གསོལ་འདེབས་ཞུ་ནུག།

རྩོད་བཤེར་གྱི་དོན་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ནང་ མ་ཕུལ་བའི་ཧེ་མར་ པདྨ་དགའ་ཚལ་གྱི་ ཁྲིམས་སྲུང་འགག་སྡེ་གིས་ ཞིབ་དཔྱད་འབད་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *