དབང་བཙོང་འདོད་སྤྱོད་འབད་མི་ལུ་ རྒུད་འཐུས་སྤྲོད་དགོ་པའི་ མཐོ་གཏུགས་འབད་ཡོདཔ།

༉ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ལོ་ན་མ་ལང་མི་བུམོ་ཅིག་ལུ་ དབང་བཙོང་འདོད་འབད་བའི་ རྒུད་འཐུས་སྤྲོད་མ་དགོ་པའི་ འཁྲུན་ཆོད་གནང་མི་དེ་ ཆེ་མཐོ་ཁྲིམས་ཁྲི་༢ པ་གིས་ འདས་པའི་བདུན་ཕྲག་ནང་ ཆེ་མཐོའི་གྲངས་མང་ཁྲིམས་ཁྲི་ལུ་ མཐོ་གཏུགས་འབད་ཡོདཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ མཐོ་གཏུགས་ཞུ་ཡིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ རྩོད་བཤེར་དེ་ ཐིམ་ཕུག་རྫོང་ཁག་གི་ ཉེས་རྩོད་ཁྲིམས་ཁྲི་དང་པའི་ནང་ འགོ་དང་པ་ རྩོད་བཤེར་འབད་བའི་སྐབས་ རྒུད་འཐུས་སྐོར་ལས་ ག་ནི་ཡང་བཀོད་དེ་ མེདཔ་ལས་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་རུང་ དེ་ནང་ཡང་ གནད་དོན་དེའི་སྐོར་ལས་ ག་ནི་ཡང་ བཀོད་དེ་མིན་འདུག་ཟེར་བཀོད་ནུག།
ཐིམ་ཕུག་རྫོང་ཁག་ཁྲིམས་འདུན་གྱིས་ སྣུམ་འཁོར་ཊཱག་གི་དེད་གཡོགཔ་ རྡོ་རྗེ་དབང་ཕྱུག་ལུ་ སྐྱེས་ལོ་༡༡ ལང་མི་ བུམོ་ཅུང་ལུ་ དབང་བཙོང་འདོད་སྤྱོད་ཀྱི་ དཔང་བཅའ་མི་དང་ སྐྱེས་ལོ་༡༥ ལང་མི་དང་གཅིག་ཁར་ དབང་བཙོང་འདོད་སྤྱོད་ཐེངས་མང་རབས་ཅིག་ འབད་ཡོད་རུང་ ཉམས་རྒུདཔ་གཉིས་ལུ་ རྒུད་འཐུས་འཐོབ་དགོ་པའི་སྐོར་ལས་ ག་ནི་ཡང་ མ་བཀོད་པས་ཟེར་ཨིན་པས།
ཆེ་མཐོ་ཁྲིམས་ཁྲི་དང་པ་གིས་ རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ གཞི་འཛིན་འབད་ཡོད་པའི་ཁར་ བཅའ་ཁྲིམས་ནང་ ཉམས་རྒུདཔ་ཚུ་ལུ་ རྒུད་འཐུས་སྤྲོད་དགོཔ་སྦེ་ ཡོདཔ་ཨིན་རུང་ འཁྲུན་ཆོད་ནང་ གནད་དོན་དེའི་སྐོར་ལས་ ག་ནི་ཡང་ བཀོད་དེ་མིན་འདུག་ཟེར་ཨིན་པས།
ཁྲིམས་འདུན་གྱིས་ ད་ཚུན་ རྒུད་འཐུས་སྤྲོད་པའི་ ཚད་གཞི་མེད་པའི་ཁར་ ཉེས་འཛུགས་ཅན་ལུ་ ཉེས་ཁྲིམས་བཀལ་མི་དེ་གིས་ འཐུས་ཟེར་བཀོད་ཡོདཔ་ད་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་འབད་བ་ཅིན་ བྱ་ངན་འབད་བའི་གནས་སྟངས་དང་ སྒྲུབ་བྱེད་ག་ར་གིས་ གསལ་སྟོན་འབད་ཡོདཔ་ལས་ ཉེས་ཁྲིམས་དང་རྒུད་འཐུས་གཉིས་དེ་ སོ་སོར་ཨིནམ་ལས་ ཉམས་རྒུདཔ་གཉིས་ལུ་ རྒུད་འཐུས་ཀྱི་འོས་འབབ་ ཡོད་ཟེར་བཀོད་ནུག།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ རྡོ་རྗེ་དབང་ཕྱུག་ལུ་ སྐྱེས་ལོ་༡༡ ལང་མི་ལུ་ དངུལ་ཀྲམ་༦༠,༠༠༠ དང་ སྐྱེས་ལོ་༡༥ ལང་མི་ལུ་ དངུལ་ཀྲམ་༤༠,༠༠༠ སྤྲོད་དགོ་པའི་ ཞུ་བ་འབད་ཡོདཔ་ཨིན་པས།
དེ་མ་ཚད་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཐོག་མའི་ཁྲིམས་འདུན་དང་ཆེ་མཐོ་ དེ་ལས་ མངོན་མཐོ་ཁྲིམས་འདུན་ཚུ་གིས་ དབང་བཙོང་འདོད་སྤྱོད་ཀྱི་ ཉམས་རྒུདཔ་གཉིས་ལུ་ རྒུད་འཐུས་དངུལ་ཀྲམ་༩༠,༠༠༠ དང་ དངུལ་ཀྲམ་༩༣,༠༠༠ རེ་ སྤྲོད་དགོ་པའི་ དཔེ་ཚུ་མཐོ་གཏུགས་ནང་ བཀོད་ཡོདཔ་ད་ རྒུད་འཐུས་ཀྱི་ཚད་གཞི་ཁ་གསལ་ བཀོད་དེ་མེད་རུང་ ཁྲིམས་འདུན་གྱིས་ ཚད་གཞི་བཟོ་སྟེ་ སྤྲོད་བཅུག་ནིའི་ དབང་ཆ་ཡོད་ཟེར་ཨིན་པས།
དེ་འབདཝ་ལས་ ཉམས་རྒུདཔ་ཚུ་ལུ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༣༦ དང་༣༧ དེ་ལས་ དོན་ཚན་༢༠༢ དང་འཁྲིལ་ སྤྲོད་དགོ་ཟེར་ཞུ་ཡོདཔ་ད་ དོན་ཚན་༢༠༢ ནང་འབད་བ་ཅིན་ དབང་བཙོང་འདོད་སྤྱོད་ཀྱི་ ཉམས་རྒུདཔ་ལུ་ འབྲུག་གི་ཉེས་འགེལ་ཁྲིམས་དང་འཁྲིལ་ རྒུད་འཐུས་འཐོབ་འོས་ཡོད་ཟེར་ཨིན་པས།
ཉེས་འཛུགས་ཅན་ཚུ་གིས་ ཉམས་རྒུདཔ་ག་ར་ལུ་ རྒུད་འཐུས་སྤྲོད་དགོཔ་སྦེ་ཡོད་པའི་ཁར་ དོན་ཚན་༣༦ དང་འཁྲིལཝ་ད་ ཉེས་འཛུགས་ཅན་གྱིས་ ཉམས་རྒུད་པ་ལུ་ ཉམས་གསོ་འབད་ནི་དང་ འཐུས་ཚུ་སྤྲོད་དགོཔ་སྦེ་ ཡོད་པའི་ཁར་ དོན་ཚན་༤༡ ནང་འབད་བ་ཅིན་ ཉེས་འཛུགས་ཅན་གྱིས་ རྒུད་འཐུས་དེ་ ཏི་རུའི་ཐོག་ལས་ སྤྲོད་ཐབས་མེད་པ་ཅིན་ རྒྱུ་དངོས་ཀྱི་ཐོག་ལས་ སྤྲོད་དགོཔ་སྦེ་ ཡོདཔ་ཨིན་པས།
ཉེས་འཛུགས་ཅན་གྱིས་འབད་མི་ བྱ་ངན་དེ་གིས་ ཉམས་རྒུདཔ་གཉིས་ཀྱི་གཟུགས་ཁར་ ལཱ་འབད་མ་ཚུགས་པའི་ གནས་སྟངས་ནང་ མ་ཐུག་སྟེ་འབད་རུང་ བུམོ་གཉིས་ཀྱི་སེམས་ཁར་ གནོད་པ་རྐྱབ་སྟེ་ཡོད་པའི་ཁར་ ཁོང་གཉིས་ཀྱི་མིང་གཏམ་ཡང་ ཞན་ཡོདཔ་ལས་ རྒུད་འཐུས་འོས་འབབ་ཡོད་ཟེར་ མཐོ་གཏུགས་ནང་ བཀོད་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *