དབང་བཙོང་འདོད་སྤྱོད་འབད་ནིའི་ དཔའ་བཅམ་མི་ལུ་ བཙོན་ཁྲིམས་བཀལ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ཁྲིམས་འདུན་གྱིས་ སྐྱེས་ལོ་༢༢ ལང་མི་ ཕོ་སྐྱེས་ཅིག་གིས་ གཉེན་རྐྱབ་ཡོད་མི་ ཨམ་སྲུ་ཅིག་ལུ་ དབང་བཙོང་འདོད་སྤྱོད་འབད་ནིའི་ དཔའ་བཅམ་མི་ལུ་བརྟེན་ བཙོན་ཁྲིམས་ལོ་༡ དང་ཟླཝ་༦ བཀལ་ཡོད་མི་དེ་ ཁྲིམས་འཐུས་བཏབ་མི་ཆོག་ནི་ཨིན་པས།
ཁོ་གིས་ བྱ་ངན་དེ་འབད་ནི་དཔའ་བཅམ་པའི་སྐབས་ ཨམ་སྲུ་དེ་གི་ཁ་ལུ་ བརྡུང་རྫོབ་འབད་དེ་ རྨ་བཏོན་ཡོད་མི་དེ་ཡང་ བདེ་བ་ཐང་དམག་སྡེའི་སྨན་ཁང་གིས་ སྒྲུབ་བྱེད་ལག་ཁྱེར་བྱིན་མི་དང་འཁྲིལ་ ད་རུང་ ཉེས་པ་ཡངས་ཕྲའི་ ཉེས་ཁྲིམས་ཟླཝ་༡ བཀལ་ཡོདཔ་ཨིན་པས།
ཁོ་གིས་ ཨམ་སྲུ་དེ་གི་ཁ་གུ་ བརྡུང་རྫོབ་འབད་མི་ལུ་ ཁྲིམས་འདུན་གྱིས་ ཟླཝ་གཅིག་གི་ རྒྱལ་ཡོངས་ལས་མིའི་ གླ་ཆ་རྩིས་རྐྱབ་སྟེ་ དངུལ་ཀྲམ་༣,༧༥༠ རྒུད་འཐུས་སྦེ་ སྤྲོད་དགོ་པའི་འཁྲུན་ཆོད་གནང་ནུག།
རྫོང་ཁག་ཁྲིམས་འདུན་གྱིས་ ཟླཝ་འདི་གི་ སྤྱི་ཚེས་༢ ལུ་གནང་མི་ འཁྲུན་ཆོད་དང་འཁྲིལཝ་ད་ བདེ་བ་ཐང་ རཱན་མཚམས་ལས་ཨིན་མི་ ཉེས་འཛུགས་ཅན་ བཀྲིས་དཔལ་འབྱོར་གྱིས་ ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༣༠ ལུ་ ཉམས་རྒུདཔ་དེ་ བདེ་བ་ཐང་གི་ཚོང་ཁང་ཅིག་ནང་ལས་ ནུབ་མོའི་ཆུ་ཚོད་ཕྱེད་དང་༡༡ དེ་ཅིག་ཁར་ ལོག་ཁྱིམ་ནང་འགྱོ་བའི་ལམ་ཁར་ རྟིང་ཤུལ་བདའ་འགྱོ་སྟེ་ ཨོལ་ལྐོག་ལས་བཟུང་ཞིནམ་ལས་ ལམ་འོག་ལུ་འཐེན་འབག་པའི་ཤུལ་ལས་ དབང་བཙོང་ཐོག་ལས་ འདོད་སྤྱོད་འབད་ནིའི་ དཔའ་བཅམ་ཡོདཔ་ཨིན་པས།
འཁྲུན་ཆོད་དང་འཁྲིལཝ་ད་ ཁོ་གིས་འབད་མི་བྱ་ངན་དེ་ དབྱེ་རིམ་༤ པའི་ ཉེས་ཆེན་གྲངས་སུ་ ཚུད་ནི་ཨིན་རུང་ དབང་བཙོང་འབད་མ་ཚུགསཔ་ལས་ དཔའ་བཅམ་པའི་ཉེས་འཛུགས་ཐོག་ལས་ བཙོན་ཁྲིམས་བཀལ་ཡོདཔ་ཨིན་པས།
ཁོ་ར་ བྱ་ངན་འབད་བའི་ཚེ་ འཛིན་བཟུང་འབད་དེ་ ཞག་གྲངས་༡༤ དོ་དམ་ནང་ བཞག་ཡོདཔ་ལས་ དེའི་ལྷག་ལུས་དེ་ བཙོན་ཁྲིམས་འབག་དགོ་པའི་ཁར་ ཁོ་གི་བྱ་ངན་དེ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་༢༠༠༤ ཅན་མའི་དོན་ཚན་༧༠ དང་འཁྲིལཝ་ད་ མཚམས་མེད་ཀྱི་གནོད་འགེལ་ཨིནམ་ལས་ ཁྲིམས་འཐུས་བཏབ་མི་ཆོག་ཟེར་བཀོད་ནུག།
ཉེས་འཛུགས་ཅན་གྱིས་ ཁྲིམས་འདུན་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེས་འཛུགས་འབད་མི་ལུ་ ངོས་ལེན་འབད་ཡོད་རུང་ ཁོ་ར་ བྱ་ངན་བྱུང་པའི་ཚེ་ ཆང་ཚད་ལས་བརྒལ་འཐུང་ཡོདཔ་ལས་ དབང་བཙོང་འདོད་སྤྱོད་འབད་ནིའི་ དཔའ་བཅམ་པའི་ དཔྱད་རིག་མེདཔ་ལས་ ཁྲིམས་འདུན་གྱིས་ ཉེས་མེད་གནང་དགོ་པའི་ ཞུ་བ་འབད་ནུག།
ཁོ་ར་ འཁྲུན་ཆོད་ལུ་ བསམ་པ་མ་རྫོགས་པ་ཅིན་ མཐོ་གཏུགས་འབད་ནིའི་ དབང་ཆ་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ཏམ་ཁུའི་རིགས་ བཅད་དགོ་མནོ་མི་ཚུ་ལུ་ ཐབས་བྱུས་གསརཔ།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུག་རྫས་དབང་འཛིན་གྱིས་ མོང་སྒར་ལུ་ཡོད་པའི་ ཆང་དང་ སྨྱོ་རྫས་ལྟེ་བ་ནང་ ཏམ་ཁུ་འཐུང་མི་དང་ ཏམ་ཁུའི་རིགས་ཟ་མི་ཚུ་ ཟས་ངན་གྱི་རིགས་ བཅད་ནིའི་ཐབས་ཤེས་གསརཔ་ གཞི་བཙུགས་འབད་ཡོདཔ་ཨིན་པས། དེ་ཡང་ ལྟེ་བ་གིས་ ཏམ་ཁུའི་རིགས་བཅད་འདོད་ཡོད་མི་ …

Leave a Reply

Your email address will not be published. Required fields are marked *