པདྨ་གཡུ་སྒྲོན་གྱིས་ ཨོམ་སོ་དང་ ཁེན་འཇར་ཚུ་ལྷ་བའི་བསྒང་།

དབང་པོ་སྐྱོན་ཅན་ལུ་ སེམས་ཤུགས་དང་ལྕོགས་གྲུབ་ དང་འདོད་ཡོད་རུང་ རྒྱབ་སྐྱོར་འབད་མི་མེདཔ།

༉ བུམ་ཐང་སྟངས་ སྐྱིད་འཛོམས་ལུ་ ལམ་འགྱོ་ནི་ལུ་ དཀའ་ངལ་ཡོད་མི་ སྐྱེས་ལོ་༣༠ ལང་མི་ པདྨ་གཡུ་སྒྲོན་གྱིས་
གཞི་རྟེན་ཤེས་ཡོན་ལྷབ་མི་ལུ་བརྟེན་ ད་རེས་ འགྲུལ་འཕྲིན་མོ་བ་ཡེལ་གྱི་ ཡུ་ཊུབ་ནང་ལས་ དཔེ་ལྟ་སྟེ་ བཞེས་སྒོ་མ་འདྲཝ་ཚུ་འབད་ནི་དང་ ཨོམ་སོ་ཁེན་འཇར་ཚུ་ ལྷ་ཤེས་ནི་དེ་གིས་ མི་ཚུ་ ངལ་རངས་བསྐྱེདཔ་ཨིན་པས།
པདྨ་གཡུ་སྒྲོན་མོ་ར་ སྐྱེས་ལོ་༥ ཚུན་ ཆ་རོགས་ཚུ་དང་གཅིག་ཁར་ རྩེདམོ་རྩེ་ནི་དང་ ཕར་ཚུར་འགྱོ་ནི་ཚུ་ག་ར་ ཨ་ལོ་གཞན་བཟུམ་སྦེ་ འབད་དོ་ཡོདཔ་ཨིན་རུང་ གཟུགས་ཁར་ན་ཚ་བྱུང་མི་ལུ་བརྟེན་ རྐངམ་གི་རྩ་བསྐུམས་ཏེ་ ཁོད་སྨད་ལུ་ ཐོ་ཕོག་ཡོདཔ་ཨིན་པས།
མོ་གིས་ གཞན་བཟུམ་སྦེ་ ཞིང་ལཱ་ཚུ་འབད་བར་འགྱོ་མ་ཚུགས་རུང་ ཁྱིམ་ནང་གྱི་ ལཱ་ཆུང་ཀུ་འབད་ནི་དང་ མོ་རའི་གདོང་ཁར་དང་ ལགཔ་གི་ཟུན་སར་ཡོད་པའི་ ལཱ་ཚུ་འབད་ཚུགས་དོ་ཡོདཔ་ཨིན་པས།
པདྨ་མོ་ར་ ཕྱི་ཁར་ འགྱོ་མ་ཚུགས་མི་ལུ་བརྟེན་ དུས་རྒྱུན་དུ་ འགྲུལ་འཕྲིན་མོ་བ་ཡེལ་ ལག་ལེན་འཐབ་སྟེ་ ཡུ་ཊུབ་ལྟ་ཞིནམ་ལས་ བཞེས་སྒོ་འབད་ནི་དང་ ཨོམ་སོ་ཁེན་འཇར་ལྷ་ནི་ཚུ་ ལྟ་དོ་ཡོདཔ་ད་ མོ་ར་ ཤེས་ཡོན་སྦོམ་ཅིག་མེད་རུང་ འགྲུལ་འཕྲིན་ལག་ལེན་འཐབ་ཤེས་པའི་ཁར་ གཡུས་མི་ཚུ་ལུ་ཡང་ སྟོན་བྱིན་དོ་ཡོདཔ་ཨིན་པས།
པདྨ་གཡུ་སྒྲོན་གྱིས་ སླབ་མིའི་ནང་ མོ་ལུ་ འགྲུལ་འཕྲིན་ལག་ལེན་འཐབ་ནི་དེ་ ག་གིས་ཡང་ སྟོན་བྱིན་བྱིནམ་མེད་རུང་ དུས་རྒྱུན་དུ་ དཀྲོགས་སྡོད་ནི་དེ་གིས་ ལག་ལེན་འཐབ་ཤེས་པས་ཟེར་ ཨིན་པས།
མོ་གིས་ སླབ་མིའི་ནང་ ནུམོ་གི་ ཨ་ལོའི་དོན་ལུ་ ཁེན་འཇར་དང་ ཨོམ་སོ་ཚུ་ ལྷ་བྱིན་དོ་ཡོདཔ་མ་ཚད་ གཡུས་མི་ལ་ལོ་གིས་ ཨོམ་སོ་ཁེན་འཇར་ཚུ་ ལྷ་གནང་ཟེར་ བསྐྱལ་བཏང་མི་ཡང་ཡོད་ཟེར་ ཨིན་པས།
མོ་རའི་ནུམོ་གིས་ སླབ་མིའི་ནང་ པདྨ་གཡུ་སྒྲོན་ལུ་ འགྲུལ་འཕྲིན་ལག་ལེན་འཐབ་ནི་དེ་ ག་གིས་ཡང་ སྟོན་མ་བྱིན་རུང་ ལེགས་ཤོམ་སྦེ་ར་ ཤེས་པས་ཟེར་ཨིན་པས།
མོ་ར་ ཁམས་ཧིང་སངས་ས་སྦེ་ སྡོད་དགོ་མི་ཅིག་ཨིནམ་ལས་ ཉིན་བསྟར་བཞིན་དུ་ གཟུགས་ཚར་རེ་ འཁྱུ་ནི་ཡོད་ཟེར་ཨིནམ་ད་ ཁྱིམ་ནང་ཡང་ ཧིང་སངས་ས་སྦེ་ར་ བཞག་དགོ་མི་ཅིག་ཨིན་ཟེར་ ཨིན་པས།
གཡུས་ཁའི་མི་ཚུ་གིས་ འགྲུལ་འཕྲིན་ལག་ལེན་འཐབ་མ་ཤེསཔ་ད་ པདྨ་སྡོད་སར་ འོང་ནི་ཡོད་ཟེར་ཨིནམ་ད་ མོ་གིས་ འགྲུལ་འཕྲིན་གྱི་ ཨང་གྲངས་འཚོལ་ནི་དང་ རིམ་ལུགས་ཨེབསི་མ་འདྲཝ་ཚུ་ ཕབ་ལེན་འབད་ནི་དང་ རྩིས་ཤོག་བཙུགས་ནི་ཚུ་ ཆ་རོགས་འབད་བྱིན་དོ་ཡོདཔ་ཨིན་པས།
སྐྱེས་ལོ་༦༠ ལང་མི་ སངས་རྒྱས་དབང་མོ་གིས་ སླབ་མིའི་ནང་ མི་རྒས་ཤོས་ཚུ་ ཕར་ཚུར་འགྲུལ་འཕྲིན་གཏང་ནི་དང་ རྩིས་ཤོག་བཙུགས་ནི་ དེ་བཟུམ་སྦེ་ འགྲུལ་འཕྲིན་དང་འབྲེལ་བའི་ རྒྱབ་སྐྱོར་ག་ར་ པདྨ་་གཡུ་སྒྲོན་གྱིས་ འབད་བྱིན་དོ་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ པདྨ་གཡུ་སྒྲོན་ལུ་ སེམས་ཤུགས་དང་ སྤྲོ་བ་སྦོམ་ཡོདཔ་ལས་ མོ་ལུ་ གོ་སྐབས་ག་ཅི་བཟུམ་འཐོབ་རུང་ འབད་ཚུགས་མི་ཅིག་ཨིན་ཟེར་ཨིནམ་ད་ ད་ལྟོ་མོ་ར་ ཚེམ་རྐྱབ་ནིའི་ སྤྲོ་བ་ཡོདཔ་ལས་ རྒྱབ་སྐྱོར་འཐོབ་པ་ཅིན་ འབད་ཚུགས་ཟེར་ཨིན་པས།
པདྨ་མོ་ར་ ཚེམ་རྐྱབ་ནིའི་ནང་ སྤྲོ་བ་ཡོད་མི་ཅིག་ཨིནམ་ལས་ འཕྲུལ་ཚེམ་ཅིག་ རྒྱབ་སྐྱོར་འབད་མི་འཐོན་པ་ཅིན་ ཚེམ་རྐྱབ་ནིའི་ རེ་བ་སྦོམ་ཡོད་པའི་ཁར་ དབང་པོ་སྐྱོན་ཅན་ཚུ་ རང་མགོ་རང་འདྲོངས་བཟོ་ནི་དང་ གཞུང་སྒེར་གྱི་ལས་སྡེ་ཚུ་གིས་ གྲོགས་རམ་བྱིན་ཏེ་འཁྱིད་རུང་ ལྷབ་སྦྱང་འབད་ནིའི་སྤྲོ་བ་ཡོདཔ་ད་ ད་ཚུན་ གཡུས་བརྒལ་ཏེ་ ག་ཏེ་ཡང་ འགྱོ་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
པདྨ་གཡུ་སྒྲོན་གྱིས་ སླབ་མིའི་ནང་ མོ་ར་ ཕྱི་ཁར་ལཱ་འབད་ནིའི་ ལྕོགས་གྲུབ་མེད་མི་ལུ་བརྟེན་ ཚེམ་རྐྱབ་ནིའི་རེ་བ་ཡོད་ཟེར་ཨིནམ་ད་ གལ་སྲིད་ གྲོགས་རམ་འབད་མི་རེ་ འཐོན་པ་ཅིན་ ངོས་ལེན་འབད་ཆོག་ཆེ་ཡོད་ཟེར་ ཨིན་པས།
རྫོང་ཁག་བདག་སྐྱོང་འགོ་དཔོན་ཚུ་གིས་ མོ་ལུ་ དགོས་མཁོ་ཆེ་བའི་ རྒྱབ་སྐྱོར་ཚུ་འབད་འོང་ཟེར་ སླབ་སྟེ་ཡོད་རུང་ ད་ཚུན་ རྒྱབ་སྐྱོར་ག་ནི་ཡང་ འཐོབ་མ་ཚུགས་པར་ ཡོད་ཟེར་ཨིན་པས།
པདྨ་ལུ་ མི་གཞན་བཟུམ་སྦེ་ ལཱ་འབད་ནིའི་ ལྕོགས་གྲུབ་མེད་རུང་ མོ་ལུ་ཡོད་པའི་ སེམས་ཤུགས་དང་ ལྕོགས་གྲུབ་ སྤྲོ་བ་ལུ་བརྟེན་ སྤུན་ཆ་དང་གཡུས་མི་ཚུ་ ངལ་རངས་བསྐྱེད་དོ་ཡོདཔ་ད་ ད་ལྟོ་མོ་ར་ ཨ་ཞེམོ་དང་གཅིག་ཁར་ ཁྱིམ་ནང་ལུ་ ལཱ་ཆུང་ཀུ་ཚུ་འབད་དེ་ སྡོད་དོ་ཡོད་པའི་གནས་ཚུལ།
ཉིམ་རྡོ་རྗེ། ཀྲོང་གསར།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *