ཁ་ཟས་བཟོ་ནིའི་སྦྱོང་བརྡར་འབདབའི་བསྒང་།

དབང་པོ་སྐྱོན་ཅན་ཚུ་ལུ་ རིག་རྩལ་ཡར་དྲག་གཏང་ནིའི་ སྦྱོང་བརྡར་བྱིན་དོ་ཡོདཔ།

༉ རང་སོའི་ སྐྱེས་སྟོབས་རིག་རྩལ་དང་ ལྕོགས་གྲུབ་ཡོད་རུང་ དབང་པོ་སྐྱོན་ཅན་ཚུ་ལུ་ དུས་མཐུན་གོ་སྐབས་མེདཔ་མ་ཚད་ ལྕོགས་གྲུབ་དང་ རིག་རྩལ་ཡར་དྲག་གཏང་ཐབས་ལུ་ སྦྱོང་བརྡར་དང་ རྒྱབ་སྐྱོར་དཀོན་དྲགས་ཀྱི་ གདོང་ལེན་བྱུང་སྟེ་འདུག།

གཟུགས་སྨད་སྤར་མ་ཚུགས་མི་ སྐྱེས་ལོ་༢༥ ལང་མི་ རྟ་མགྲིན་རྡོ་རྗེ་གིས་ སླབ་མིའི་ནང་ སྤྱིར་བཏང་མི་ཚུ་ལུ་ སྤྲོ་བ་ཡོད་དོ་བཟུམ་སྦེ་ དབང་པོ་སྐྱོན་ཅན་ཚུ་ལུ་ཡང་ གོ་སྐབས་ལེན་ནིའི་སྤྲོ་བ་ཡོད་རུང་ གཟུགས་ཁམས་འཕྲོད་བསྟེན་ལུ་ སྐྱོན་ཡོད་ནི་དེ་གིས་ དོ་འགྲན་འབད་མི་ཚུགས་པས་ཟེར་ཨིན་པས།

འབྲུག་མི་ ཆེ་འབྲིང་ཆུང་༣ ག་རང་གིས་ དབང་པོ་ལུ་ ཐོ་ཕོག་མི་ཚུ་གི་གདོང་ཁ་ལུ་ རྒྱབ་སྐྱོར་འབད་ནི་དང་ གོ་སྐབས་བྱིན་ནི་ཟེར་སླབ་མི་ སྟོང་ཕྲག་ལས་བཅད་དེ་ཐོན་རུང་ ཁ་དང་ལགཔ་ རྟགས་མཐུནམ་སྦེ་ ལག་ལེན་འཐབ་མི་ ད་ལྟོ་ཚུན་ མི་ཕུད་རྡོག་གཅིག་ཡང་ མ་ཐོན་ཟེར་ཨིན་པས།

ད་རེས་བཟུམ་སྦེ་ ལས་གཡོག་ལྷན་ཁག་དང་ ནོར་བུ་བདེ་ཐབས་དང་ མཉེ་འཕུར་བཅོ་ཐབས་སྤེལ་ཁང་༢ ཀྱིས་མཉམ་འབྲེལ་ཐོག་ལས་ དབང་པོ་ལུ་ཐོ་ཕོག་མི་ ཕོ་མོ་བསྡོམས་༡༥ ལུ་ ཁ་ཟས་རིགས་བཟོ་ནིའི་དོན་ལུ་ ཟླཝ་༦ གི་ སྦྱོང་བརྡར་ནང་ བཅའ་མར་གཏོགས་ཏེ་འདུག།

རྟ་མགྲིན་རྡོ་རྗེ་གིས་ སླབ་མིའི་ནང་ ལ་ལོ་ཅིག་ ལགཔ་དང་ རྐངམ་སྤར་མ་ཚུགས་མི་དང་ ལ་ལོ་ཅིག་ གཤག་བཅོས་འབད་བའི་ཤུལ་ལས་ སེམས་གནས་པ་མེདཔ་འགྱོ་མི་ རྣམ་ཅོ་མ་གོ་མི་ ཁ་སླབ་མ་ཚུགས་མི་ མིག་ཏོ་མ་མཐོང་མི་ ལམ་འགྱོ་མ་ཚུགས་མི་ཚུ་གིས་ སྦྱོང་བརྡར་འབད་བའི་སྐབས་ སྤྲོ་བ་བསྐྱེད་དེ་ལྷབ་པའི་ཁར་ ག་ཅི་ ལྷབ་མི་དེ་ དེ་འཕྲོ་ལས་ ཤེས་ཚུགས་པས་ཟེར་ཨིན་པས།

སློབ་རིམ་༡༢ པ་ལྷབ་ཚར་མི་ བསོད་ནམས་ཆོས་སྒྲོན་གྱིས་ སྤྱི་ལོ་༢༠༡༨ ལུ་ མགུ་ཏོ་གཤག་བཅོས་འབད་བའི་ཤུལ་ལུ་ ཁ་སླབ་ནི་དང་ ལགཔ་སྤར་མ་ཚུགསཔ་ཐལ་བའི་ཤུལ་ལས་ དཀའ་ངལ་བྱུང་ཡི་ཟེར་ཨིནམ་ད་ ད་རེས་ མོ་རང་ ཨ་ནེ་དང་གཅིག་ཁར་ ཐིམ་ཕུག་ལུ་སྡོདཔ་ཨིན་པས།

བསོད་ནམས་ཆོས་སྒྲོན་དང་འཁྲིལཝ་ད་ ད་རེས་ནངས་པར་ རྒྱལ་ཁབ་ནང་ གཙུག་ལག་ཤེས་ཡོན་ཡོད་མི་དང་ མཐོ་རིམ་ཤེས་ཚད་ཡོད་མི་ ན་གཞོན་སྟོང་ཕྲག་ལས་བཅད་ ལཱ་གཡོག་འཐོབ་མ་ཚུགས་པའི་ དཀའ་ངལ་ཐོན་ཡོདཔ་ལས་ དབང་པོ་སྐྱོན་ཅན་ཚུ་གིས་ ལཱ་གཡོག་འཐོབ་ནི་དེ་ མནོ་བསམ་ར་ གཏང་མི་དགོ་པས་ཟེར་ཨིན་པས།

སྦྱོང་བརྡར་མཇུག་བསྡུ་བའི་ཤུལ་ལས་ ཁ་ཟས་རིགས་བཟོ་སྟེ་ ཚོང་འབྲེལ་འཐབ་ནིའི་དོན་ལུ་ བཅའ་མར་གཏོགས་མི་ནང་འཁོད་ སྡེ་ཚན་བཟོ་བའི་བསྒང་འདུག།

སྦྱོང་བརྡར་འགོ་འདྲེན་འཐབ་མི་གིས་ སླབ་མིའི་ནང་ ལྷབ་ནིའི་སྤྲོ་བ་དང་ བརྩོན་ཤུགས་སྦོམ་བསྐྱེད་དོ་ལྷབ་དོ་ཡོད་རུང་ ལ་ལོ་ཅིག་ལུ་ དཀའ་ངལ་འདུག་ཟེར་ཨིན་པས།

སྐྱེས་ལོ་༤༣ ལང་མི་སངས་རྒྱས་ལུ་ མིག་ཏོ་ལུ་ སྐྱོན་ཞུགས་ཡོདཔ་ལས་ ད་རེས་ གཟུགས་ཧུམ་འཕུར་རྐྱབ་ནིའི་ནང་ སྦྱོང་བརྡར་འབད་བའི་བསྒང་ཡོདཔ་ད་ དེ་ཁར་ སྐྱེས་ལོ་༢༠ ལས་༤༣ གྱི་ བར་ན་འབད་མི་ ཕོ་སྐྱེས་དང་ཨམ་སྲུ་བསྡོམས་༡༥ འདུག།

སངས་རྒྱས་ཀྱིས་ སླབ་མིའི་ནང་ སྦྱོང་བརྡར་འབད་ནིའི་གོ་སྐབས་ཐོབ་ནི་དེ་གིས་ སེམས་དགའ་ཡི་ཟེར་ཨིནམ་ད་ དེ་ཡང་ རང་གིས་རང་ལངམ་སྦེ་ སྡོད་ཚུགས་ནིའི་དོན་ལུ་ གཟུགས་ཧུམ་འཕུར་འབད་ནི་གི་གོ་སྐབས་དེ་ གསེར་ལས་དཀོན་དྲགས་ཡོད་མི་ལུ་བརྟེན་ཨིནམ་ད་ གལ་སྲིད་ སྦྱོང་བརྡར་ལས་མཐར་འཁྱོལ་བའི་ ལག་ཁྱེར་ར་ཡོད་པ་ཅིན་ ལཱ་གཡོག་གི་གོ་སྐབས་འཐོབ་ནི་ལུ་ དཀའ་ངལ་མིན་འདུག་ཟེར་ཨིན་པས།

སྦྱོང་བརྡར་གྱི་སློབ་སྟོན་པ་ བདེ་ཆེན་དཔལམོ་གིས་ སླབ་མིའི་ནང་ བཅའ་མར་གཏོགས་མི་ ག་ར་གིས་ ལྷབ་ནི་དང་འབད་ནི་ལུ་ སྤྲོ་བ་ཡོད་རུང་ ཨིང་ལིཤ་གི་ཤེས་ཡོན་མེད་མི་དང་ མི་གནགཔ་ཚུ་ཡང་ཡོདཔ་ལས་ ཁོང་གིས་ ཤེས་ཚུགས་ཚུགསཔ་ལུ་ དཀའ་ངལ་ཡོདཔ་མ་ཚད་ ཧུམ་འཕུར་རྐྱབ་ནི་དེ་ རྩ་སྐམ་དང་ རྩ་བསྐུམས་འགྱོ་མི་ དེ་ལས་ ཤ་རྒྱུས་ཚུ་ སྙོམས་ཏོག་ཏོ་དང་ བདེ་ཐབས་བཟོ་དོ་ཡོདཔ་ལས་ ཤ་རྒྱུས་དང་ རྩ་ ཁྲག་འགྱོ་བའི་ལམ་ རུ་ཏོ་ཚུ་གི་སྐོར་ སློབ་སྟོན་འབདཝ་ད་ དུས་ཚོད་ལེ་ཤ་འགོརཝ་མས་ཟེར་ཨིན་པས།

རང་ལུགས་ཀྱི་གོ་དང་ དཀྱི་ར་ སྟོད་གོ་བཙེམ་ནིའི་ནང་ སྦྱོང་བརྡར་འབད་མི་༡༥ ཡོདཔ་ད་ དེ་ཁར་ ཕོ་སྐྱེས་༨ དང་ཨམ་སྲུ་༧ འདུག།

རྐངམ་སྤར་མ་ཚུགས་མི་ རྡོ་རྗེ་རྟ་མང་གིས་ ཟླ་ངོ་༡ ནང་ སྟོད་གོ་བཙེམ་ནི་ལྷབ་ཡོདཔ་བཞིན་དུ་ ཧ་ལམ་ ཤེས་ཡོདཔ་ལས་ སྦྱོང་བརྡར་མཇུག་བསྡུཝ་ད་ གོ་དང་དཀྱི་ར་ སྟོད་གོ་ ཁེན་འཇར་ བཅིངས་དོརམ་ཚུ་ ཁོ་རང་གིས་ ཚེམ་ཁང་ཅིག་སྒོ་ཕྱེ་ནིའི་རེ་བ་བསྐྱེད་དོ་ཟེར་ཨིན་པས།

སྦྱོང་བརྡར་གྱི་སློབ་སྟོན་ ཚེ་དབང་ནོར་བུ་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ སྦྱོང་བརྡར་སྤེལ་ཁང་ལས་ མཇུག་བསྡུ་འགྱོ་མི་བརྒྱ་ཆ་ལས་༧༠ དང་༨༠ གི་བར་ན་འབད་མི་ཚུ་གིས་ མི་ཚེ་འཕྲོ་བརླག་བཏང་སྡོད་མི་མེད་པར་ ཚེམ་ཁང་རེ་བཙུགས་མི་དང་ ལ་ལོ་ཅིག་གིས་ ཚེམ་ཁང་ནང་ ལཱ་འབད་དེ་འདུག་ཟེར་ཨིན་པས།

དེ་བཟུམ་སྦེ་ ད་རེས་ ཁོང་༡༥ གི་གྲས་ལས་ ཧ་ལམ་ ག་རང་གིས་ ལཱ་གཡོག་འཐོབ་ཚུགས་པའི་ དམིགས་གཏད་བསྐྱེད་དོ་ཟེར་ ཚེ་དབང་ནོར་བུ་གིས་ བཤད་ཡོདཔ་ཨིན་པས།

སྦྱོང་བརྡར་ལས་རིམ་དེ་ ལས་གཡོག་ལྷན་ཁག་གིས་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ ཧུམ་འཕུར་དང་ ཁ་ཟས་ དེ་ལས་ གོ་ལ་བཙེམ་ནིའི་ སྦྱོང་བརྡར་སྤེལ་ཁང་༣ དང་ མཉམ་འབྲེལ་ཐོག་ལས་ དབང་པོ་ལུ་ ཐོ་ཕོག་མི་ ན་གཞོན་༤༥ ལུ་ ཟླཝ་༦ གི་དོན་ལུ་ གོ་སྐབས་བྱིན་དོ་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *