དབང་པོ་སྐྱོན་ཅན་ཚུ་གི་དོན་ལུ་ སྲིད་བྱུས་བཟོ་མི་དེ་གིས་ ཁེ་ཕན་འབྱུང་ཚུགས་པའི་རེ་བ།

༉ ཉིནམ་དག་པ་ཅིག་གི་ཧེ་མར་ པདྨ་རྡོ་རྗེ་དེ་ སོ་ཤུགས་སྦེ་ན་སྟེ་འབད་རུང་ ཁོ་ར་ རྐང་ཁྲི་འཁོར་ལོ་ཅནམ་ ལག་ལེན་འཐབ་སྟེ་ འགྲོ་འགྲུལ་འབད་དགོཔ་ལས་ སྨན་ཁང་ནང་ དེ་འཕྲོ་ལས་ འགྱོ་མ་ཚུགས་པའི་ གདོང་ལེན་བྱུང་ཡོདཔ་ཨིན་པས།
ཁོ་ལུ་ བཟའ་ཚང་ག་ཡང་མེདཔ་ལས་ བྱ་ཐབས་མེད་པར་ རྐང་ཁྲི་འཁོར་ལོ་ཅནམ་མེད་པ་ཅིན་ ལམ་འགྱོ་མ་ཚུགས་མི་ཅིག་ཨིན་རུང་ རྩ་འགེངས་ཏེ་ རྐང་ཁྲི་འཁོར་ལོ་ཅནམ་དང་གཅིག་ཁར་ ཁྱིམ་ནང་ལས་ འཁོར་ལམ་ཡོད་ས་ཚུན་ སོང་ཡོདཔ་ཨིན་པས།
པདྨ་གི་ཁོད་སྨད་དེ་ སྤྱི་ལོ་༢༠༠༤ ལུ་ ཁྱིམ་ཐོག་ཚད་༢ གུ་ལས་ བུད་འགྱོ་བའི་ཤུལ་ལུ་ སྤར་མ་ཚུགསཔ་ཐལ་ཡོད་རུང་ གླ་འཁོར་ཕུད་རྡོག་ཅིག་གིས་ཡང་ སྒུག་མ་བཏུབ་པའི་ཁར་ ཆ་རོགས་འབད་མི་ ག་ཡང་མེདཔ་ཨིན་པས།
ཁོ་གིས་སླབ་མིའི་ནང་ ཆ་རོགས་འབད་མ་བཏུབ་མི་དེ་ ང་ར་ རྐང་ཁྲི་འཁོར་ལོ་ཅནམ་ནང་ སྡོད་དགོ་མི་ཅིག་འབད་ནི་དེ་གིས་ ཁོང་ལུ་ ལཱ་ཐེབས་ཡོདཔ་ལས་ ཉམས་འཚེར་དོ་འོང་ནི་མས་ཟེར་ཨིན་པས།
ང་ལུ་ ཆ་རོགས་འབད་དགོ་པ་ཅིན་ ང་རའི་ རྐང་ཁྲི་དེ་ཡང་ འབག་དགོཔ་ལས་ དབང་པོ་ལུ་ སྐྱོན་ཕོག་མི་ ང་བཟུམ་ཅིག་ལུ་ ཉེ་རིང་ཕྱེ་མི་དེ་ གཞུང་དང་མི་ཚུ་གིས་ ང་བཟུམ་མའི་ མི་གིས་ ང་བཅས་ཀྱི་གནས་སྟངས་ཧ་གོ་སྟེ་ གོང་འཕེལ་གྱི་འཆར་གཞི་ཚུ་ འབད་བ་ཅིན་ དེ་བཟུམ་མའི་ དཀའ་ངལ་མི་འབྱུང་ཟེར་ཨིན་པས།
མི་མང་སྐྱེལ་འདྲེན་ནང་ ཁོ་བཟུམ་མའི་ མི་ཚུ་ལུ་ བྱ་སྟབས་བདེ་བའི་ མཐུན་རྐྱེན་མེདཔ་ད་ པདྨ་གིས་སླབ་མིའི་ནང་ དབང་པོ་ལུ་སྐྱོན་ཞུགས་མི་ཚུ་ལུ་ རང་དབང་ཐོག་ལས་ སྡོད་ཚུགས་ནི་ལུ་ དཀའ་ངལ་བྱུང་སྟེ་ཡོད་ཟེར་ཨིན་པས།
ང་ར་ སྨན་ཁང་ནང་ འགྱོ་མ་ཚུགས་པར་ ལོག་ཁྱིམ་ནང་ འོང་དགོཔ་ཐོནམ་ད་ ཕྱི་མི་ཅིག་གིས་ ཁྱིམ་ནང་ འཛུལ་ནི་ལུ་ ཆ་རོགས་འབད་བྱིན་ཡི་ཟེར་ཨིནམ་ད་ གླ་འཁོར་ནང་ འགྲོ་འགྲུལ་འབད་ནི་ལུ་ཡང་ གླ་ཆ་མང་སུ་ལེན་ནི་དེ་གིས་ དཀའ་ངལ་འདུག་ཟེར་ཨིན་པས།
རྐང་ཁྲི་འཁོར་ལོ་ཅནམ་ཡོད་མི་ལུ་བརྟེན་ གླ་འཁོར་དེད་གཡོགཔ་ཚུ་གིས་ཡང་ གླ་ཐེབས་ལེན་ནི་འདུག་ཟེར་ཨིནམ་ད་ རྐང་ཁྲི་གཞན་ལག་ལེན་འཐབ་མི་ སྐྱེས་ལོ་༥༢ ལང་མི་ ཕུན་ཚོགས་ཡང་ མི་ཚེ་ཕྱེད་ཀ་ཅིག་ རྐང་འཁོར་ནང་སྡོད་དགོཔ་བྱུང་ཡོདཔ་ཨིན་པས།
ཕུན་ཚོགས་དང་ པདྨ་བཟུམ་སྦེ་ དབང་པོ་ལུ་སྐྱོན་ཕོག་མི་ ལེ་ཤ་ཡོད་པའི་ཁར་ ཁོང་ག་ར་ ད་རེས་ གོང་འཕེལ་ལུ་བརྟེན་ གདོང་ལེན་བྱུང་སྟེ་ཡོདཔ་ལས་ ཁོང་གི་གདོང་ལེན་ཚུ་ ངོས་འཛིན་འབད་ནིའི་དོན་ལུ་ རྒྱབ་སྐྱོར་ཚུ་ འཚོལ་བའི་བསྒང་ཡོདཔ་ཨིན་པས།
གདོང་ལེན་སྦོམ་ཤོས་ར་ མི་མང་སྐྱེལ་འདྲེན་ཞབས་ཏོག་ནང་ ཁོང་གི་དོན་ལུ་ མཐུན་རྐྱེན་མེད་མི་དེ་ཨིནམ་ད་ ད་རེས་ཀྱི་གནས་སྟངས་ནང་ ཁོང་གི་དོན་ལུ་ མི་མང་སྐྱེལ་འདྲེན་ནང་ མཐུན་རྐྱེན་མེད་མི་དེ་ ངོ་མ་ཅིག་སྦེ་ ངོས་འཛིན་འབད་དེ་ཡོདཔ་ཨིན་པས།
ཕུན་ཚོགས་ཀྱིས་ བཤད་མིའི་ནང་ སྲིད་བྱུས་བཟོ་མི་ཚུ་གིས་ དབང་པོ་སྐྱོན་ཅན་གྱི་ཉིནམ་ བརྩི་སྲུང་འབད་བའི་སྐབས་ རྒྱབ་སྐྱོར་ཡོད་ལུགས་ཚུ་ བཤད་དོ་ཡོད་རུང་ ཤུལ་མའི་ཉིནམ་ བརྩི་སྲུང་མ་རན་ཚུན་ བརྗེད་འགྱོ་སྟེ་ ལོག་སྟེ་ར་ རྒྱབ་སྐྱོར་ཡོད་ལུགས་སྐོར་ལས་ བཤད་ནི་འདུག་ཟེར་ཨིན་པས།
ཨིན་རུང་ པདྨ་དང་ ཕུན་ཚོགས་བཟུམ་མའི་ དབང་པོའི་སྐྱོན་ཡོད་མི་ གཞན་ཚུ་གིས་ ད་ལས་ཕར་ རང་དབང་ཐོག་ལས་ སྡོད་ཚུགས་ནིའི་དོན་ལུ་ གནས་སྟངས་ལེགས་བསྒྱུར་འགྱོ་ནིའི་ རེ་བ་བསྐྱེད་ཚུགས་ནི་ཨིན་པས།
གཞུང་གིས་ དབང་པོ་སྐྱོན་ཅན་ཚུ་གི་དོན་ལུ་ འགོ་དང་པ་ཨིན་མི་ རྒྱལ་ཡོངས་སྲིད་བྱུས་དེ་ ད་རེས་ གྲ་སྒྲིག་འབད་ཡོདཔ་ད་ དེ་གིས་ མི་སྡེ་ནང་ དབང་པོ་སྐྱོན་ཞུགས་ཚུ་གིས་ རང་དབང་ཐོག་ལས་ སྡོད་ཚུགས་ནི་ཨིན་པས།
སྲིད་བྱུས་ནང་ མི་མང་སྐྱེལ་འདྲེན་བཱསི་དེ་ གཙོ་རིམ་སྦེ་ བལྟ་ནི་ཨིནམ་ད་ གཞུང་གིས་ འཆར་གཞི་བཟོ་བའི་སྐབས་ ཁོང་གི་དོན་ལུ་ སྟབས་བདེ་ཧིང་ཚུ་དང་འཁྲིལ་ འབད་ནི་ཨིན་པས།
སྲིད་བྱུས་དང་འཁྲིལཝ་ད་ གདོང་ལེན་དེ་ཚུ་ག་ར་ སེལ་ཐབས་འབད་ནིའི་ འཆར་གཞི་ཡོདཔ་ཨིནམ་ད་ བསྟར་སྤྱོད་ཚུལ་མཐུན་འབད་ཚུགས་པ་ཅིན་ གཞུང་གིས་ མི་མང་སྐྱེལ་འདྲེན་ག་རའི་ནང་ དབང་པོ་སྐྱོན་ཅན་ཚུ་གིས་ ལག་ལེན་འཐབ་ཚུགསཔ་སྦེ་ བཟོ་ནི་ཨིནམ་ད་ རབ་འབྱུང་པ་ཅིན་ ཁྱད་ཚད་ལྡན་མི་ཚུ་ལུ་ སྣུམ་འཁོར་གཏང་ནིའི་ ཆོག་ཐམ་ཡང་ སྤྲོད་དགོཔ་སྦེ་ ཡོདཔ་ཨིན་པས།
དབང་པོ་སྐྱོན་ཅན་ཚུ་ལུ་ ཉེ་རི་ཕྱེ་ནི་དེ་གིས་ ཁོང་ག་ར་ མི་མང་གི་སྦུག་ལུ་ མཐོང་མི་ཚུགས་དོ་ཡོདཔ་ད་ དེ་གིས་ བཟའ་ཚང་དང་མི་སྡེ་དང་གཅིག་ཁར་ ག་ཅིའི་ཐད་ལས་འབད་རུང་ གྲལ་གཏོགས་འབད་མ་ཚུགས་པར་ ལུས་དོ་ཡོདཔ་ཨིན་པས།
དཀའ་ངལ་དེ་ཚུ་ སེལ་ཐབས་འབད་ནི་དང་ འགན་འཁྲི་འབག་ནིའི་དོན་ལུ་ སྲིད་བྱུས་ནང་ ལས་རིམ་དང་འཆར་གཞི་ དེ་ལས་ ཞབས་ཏོག་སྤྲོད་མི་ཚུ་གི་དོན་ལུ་ སྲིད་བྱུས་ཚུ་ཚུད་དེ་ཡོདཔ་ཨིན་པས།
སྲིད་བྱུས་དེ་ཡང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་ དྲུང་ཆེན་ཡིག་ཚང་གིས་ འགོ་འདྲེན་འཐབ་ཡོདཔ་ད་ སྲིད་བྱུས་དེ་ཡང་ ཤེས་རིག་དང་གསོ་བ་ དེ་ལས་ ཁོང་ལུ་ ཚོང་གི་གོ་སྐབས་དང་ཉེན་སྲུང་ དེ་ལས་ དྲང་བདེན་ཚུ་ འཐོབ་ཐབས་འབད་ནི་དང་ སྲིད་འབྲེལ་ནང་ བཅའ་མར་གཏོགས་ཚུགས་པའི་ གོ་སྐབས་ཡང་ བཟོ་ཚུགས་ནི་ཨིན་པས།
གཞུང་གིས་ དབང་པོ་སྐྱོན་ཅན་ཚུ་དང་ འབྲེལ་བ་འཐབ་སྟེ་ འཆར་གཞི་བཟོ་བའི་སྐབས་ གྲོས་བསྟུན་འབད་ནི་དེ་ གལ་ཆེ་བའི་ཁར་ འབྲུག་གི་དབང་པོ་སྐྱོན་ཅན་མཐུན་ཚོགས་ཀྱི་ བཀོད་ཁྱབ་མདོ་ཆེན་ བསོད་ནམས་རྒྱ་མཚོ་གིས་ སླབ་མིའི་ནང་ སྲིད་བྱུས་དེ་གིས་ དབང་པོ་སྐྱོན་ཅན་ཚུ་གིས་ གྲལ་གཏོགས་འབད་ཚུགས་པའི་ གོ་སྐབས་བཟོ་ཚུགས་ནི་ཨིན་པས།
ཁོ་གིས་སླབ་མིའི་ནང་ དབང་པོ་སྐྱོན་ཅན་ཚུ་ མི་སྡེ་ནང་ གྲལ་གཏོགས་འབད་ནི་དང་ མི་སྡེ་ནང་ལས་ ཚུད་ཚུགས་ཟེར་ཨིན་པས།
འབྲུག་ལྕོགས་གྲུབ་མི་སྡེའི་ བཀོད་ཁྱབ་མདོ་ཆེན་ ཨོ་རྒྱན་དབང་ཕྱུག་གིས་ སླབ་མིའི་ནང་ སྲིད་བྱུས་དེ་གིས་ ཨ་ལོ་དང་ ཨམ་སྲུ་ དབང་པོ་སྐྱོན་ཅན་ཚུ་ལུ་ ལྷག་པར་དུ་ ཕན་ཐོགས་ཚུགས་ནི་མས་ཟེར་ཨིན་པས།
བྲག་མཚོ་གི་ བཀོད་ཁྱབ་མདོ་ཆེན་ བདེ་སྐྱིད་བཟངམོ་གིས་ སྲིད་བྱུས་ཀྱིས་ འདྲ་མཉམ་ཐོག་ལས་ མཐུན་རྐྱེན་ཚུ་ འཐོབ་ཚུགས་ཏེ་ མི་ཚེ་ལེགས་ཤོམ་སྦེ་ སྐྱོང་ཚུགས་པའི་ ཁེ་ཕན་འོང་ནི་མས་ཟེར་ཨིན་པས།
མོ་གིས་སླབ་མིའི་ནང་ སྲིད་བྱུས་དེ་ འགོ་དང་པ་ཨིནམ་ད་ དེ་གིས་ འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ནང་ཡང་ དབང་པོ་སྐྱོན་ཡོད་མི་ཚུ་གི་དོན་ལུ་ ཁེ་ཕན་ལེན་ཚུགས་ཟེར་ཨིན་པས།
ཕུན་ཚོགས་ཀྱིས་ སྲིད་བྱུས་དེ་ བསྟར་སྤྱོད་འབད་ཚུགསཔ་ བཟོ་ནིའི་དོན་ལུ་ མི་ཚུ་གིས་ རྒྱབ་སྐྱོར་འབད་བའི་ རེ་བ་བསྐྱེད་དོ་ཡོདཔ་ད་ ཁོ་གིས་སླབ་མིའི་ནང་ སྲིད་བྱུས་བཟོ་ནིའི་ཐད་ཁར་ འབྲུག་འདི་ དྲག་ཤོས་ཅིག་ཨིན་རུང་ བསྟར་སྤྱོད་ནང་ འཐུས་ཤོར་ཏེ་ཡོད་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *