མཁའ་གླིང་མུན་གསལ་གླིང་སློབ་གྲྭའི་སློབ་ཕྲུག་ རྣམ་རྒྱལ་སྒྲོལ་མ་ (མིག་ཤེལ་བཙུགས་མི) གིས་ ཧེ་མའི་སྟོན་ཚན་ལས་ལྷབ་མི་ཚུ་ ཟིན་འབྲི་བཏབ་ནིའི་དོན་ལུ་ འབུར་ཡིག་ནང་ ཟིན་བྲིས་བཀོད་མི་ཚུ་ ལག་ནོམ་ཐོག་ལས་ ལྷག་པའི་བསྒང་།

དབང་པོ་སྐྱོན་ཅན་གྱི་ སློབ་ཕྲུག་ཚུ་ སློབ་གྲྭ་ནང་ དཀའ་སྡུག་མྱོང་དོ་ཡོདཔ།

༉ རྣམ་རྒྱལ་སྒྲོལ་མ་གིས་ མཁའ་གླིང་མུན་གསལ་གླིང་སློབ་གྲྭ་ནང་ལས་ སློབ་རིམ་༦ པ་ མཐར་འཁྱོལ་ཞིནམ་ལས་ འཇིགས་མེད་ཤེས་རབ་གླིང་སློབ་གྲྭ་ལྟེ་བ་ནང་ འཛུལ་ཞུགས་འབདཝ་ཅིག་ ཐུན་ཚན་ཚུ་ ཚུལ་མཐུན་སྦེ་ ལྷབ་མ་ཚུགས་པའི་ དོ་འགྲན་བྱུང་མི་དེ་ཡང་ མོ་ར་ མིག་གི་དབང་པོ་ལུ་ ཐོ་ཕོག་ནི་དེ་གིས་ ཨིན་པས།
སྐྱེས་ལོ་༢༠ ལང་མི་ སློབ་རིམ་༧ པའི་ སློབ་ཕྲུག་ཅིག་ཨིན་མི་ རྣམ་རྒྱལ་གྱིས་ སླབ་མིའི་ནང་ མོ་ར་ མུན་གསལ་གླིང་སློབ་གྲྭ་ནང་ལས་ མཐར་འཁྱོལཝ་ད་ སློབ་གྲྭ་གསརཔ་དེ་ མོ་བཟུམ་མའི་ དབང་པོ་སྐྱོན་ཅན་ཚུ་ལུ་ དཔེ་ཆ་ལྷབ་དགོ་བདེ་བའི་ གནས་སྟངས་ལེགས་ཤོམ་ཅིག་འོང་ཟེར་བའི་ མནོ་བསམ་བཏང་ཡི་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ མོ་ར་ སློབ་གྲྭ་གསརཔ་ནང་ལྷོད་པའི་བསྒང་ སྟོན་ཚན་ཚུ་ཡང་ སྤྱིར་བཏང་གི་ སློབ་ཕྲུག་གཞན་ཚུ་དང་ དབྱེ་བ་མེད་ནི་དེ་གིས་ བྱང་ཤིང་གུ་ ག་ཅི་བྲིས་ཡོདཔ་ཨིན་ན་ མ་མཐོང་ནི་དེ་གིས་ ལྷབ་སྦྱང་འབད་ནི་དེ་ ལཱ་ཁག་འདུག་ཟེར་ཨིན་པས།
ད་རུང་ མིག་ཏོ་སྐྱོན་ཅན་ཨིན་མི་ པདྨ་གཡང་སྐྱིད་ཀྱིས་ སླབ་མིའི་ནང་ སློབ་དཔོན་ཚུ་གིས་ མིག་ཏོ་མ་མཐོང་མི་ཚུ་གིས་ ལག་ལེན་འཐབ་མི་ འབུར་ཡིག་ལག་ལེན་འཐབ་མ་ཤེས་ནི་དེ་གིས་ ལཱ་ཁག་རྐྱབ་མས་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ མིག་ཏོ་སྐྱོན་ཅན་སློབ་ཕྲུག་ཚུ་ སློབ་ཁང་ཅིག་ནང་འབད་རུང་ སློབ་ཕྲུག་གཞན་ཚུ་དང་ འདྲན་འདྲ་འབད་མ་ཚུགས་ནི་དེ་གིས་ ང་བཅས་ལུ་ ལོགས་སུ་སྦེ་ རྒྱབ་སྐྱོར་དགོཔ་འདུག་ཟེར་ཨིན་པས།
སློབ་ཕྲུག་ཚུ་ སློབ་རིམ་༦ པ་ མཐར་འཁྱོལ་བའི་ཤུལ་ལས་ ས་ཁོངས་བར་མའི་ནང་ སློབ་རིམ་༨ པ་ཚུན་ལྷབ་སྦྱང་འབད་ནིའི་དོན་ལུ་ གཏང་དོ་ཡོདཔ་ད་ དེ་གི་ཤུལ་ལས་ སློབ་གྲྭ་ཆེ་བ་མཇུག་མ་བསྡུ་ཚུན་ ས་ཁོངས་ལྟེ་བའི་ནང་ བཏང་དོ་ཡོདཔ་ཨིན་པས།
སློབ་གྲྭའི་ས་ཁོངས་བར་མའི་ སློབ་དབུ་འཛིན་ བཀྲ་ཤིས་ཀྱིས་ སླབ་མིའི་ནང་ དམིགས་བསལ་གྱི་ དགོས་མཁོ་ཅན་གྱི་ སློབ་ཕྲུག་ཚུ་ལུ་ སློབ་གྲྭ་གིས་ རྒྱབ་སྐྱོར་ཐེབས་བྱིན་ཏེ་ཡོད་རུང་ སློབ་གྲྭ་ནང་ སློབ་དཔོན་ལངམ་མེད་མི་དེ་ དོ་འགྲན་ཅན་ཅིག་ ཨིན་མས་ཟེར་ཨིན་པས།
སློབ་གྲྭ་ནང་ དམིགས་བསལ་གྱི་དགོས་མཁོ་ལྡན་པའི་ སློབ་ཕྲུག་༡༠ ཡོད་ས་ལས་༥ མིག་ཏོ་མ་མཐོང་མི་དང་༥ མིག་ཏོ་གི་ནུས་ཤུགས་ ཉུང་དྲགས་སྦེ་ཡོདཔ་ཨིན་པས།
མུན་གསལ་གླིང་སློབ་གྲྭའི་དབུ་འཛིན་ རྡོ་རྗེ་དབང་གྲུབ་ཀྱིས་ སླབ་མིའི་ནང་ དབང་པོ་སྐྱོན་ཅན་གྱི་ སློབ་ཕྲུག་ཚུ་ སྤྱིར་བཏང་སློབ་གྲྭ་ཚུ་ནང་ ཤེས་ཡོན་སྦྱང་བཅུག་མི་ལུ་བརྟེན་ སློབ་ཕྲུག་ཚུ་གིས་ གཞན་དང་ཤོ་མཚུངས་སྦེ་ ལྷབ་སྦྱང་འབད་མ་ཚུགས་པའི་ དཀའ་ངལ་བྱུངམ་མས་ཟེར་ཨིན་པས།
ཁོ་གིས་ སློབ་གྲྭ་དེ་ མ་དངུལ་དང་ གཞན་དགོས་མཁོ་ཅན་གྱི་ རྒྱབ་སྐྱོར་གྱི་དོན་ལུ་ ཐད་ཀར་དུ་ ལྷན་ཁག་གི་འོག་ལུ་ བཙུགས་དགོ་པའི་གནང་བ་ ཞུ་སྟེ་ཡོད་ཟེར་ཨིན་པས།
སློབ་གྲྭ་དེ་ སྤྱི་ལོ་༢༠༡༥ ལུ་ རྫོང་ཁག་བདག་སྐྱོང་ལས་ སློབ་གྲྭ་ལྟེ་བའི་འོག་ལུ་ བཙུགས་ཡོདཔ་ཨིན་པས།
མུན་གསལ་གླིང་སློབ་གྲྭ་དེ་ སྤྱི་ལོ་༡༩༧༣ ལུ་ གཞི་བཙུགས་འབད་ཡོདཔ་ད་ དེ་ལས་ཚུར་ ད་ལྟོ་ཚུན་ སློབ་ཕྲུག་༡༨༧ མཐར་འཁྱོལ་ཡོདཔ་ཨིན་པས།
ད་རེས་ སློབ་གྲྭ་ནང་ མིག་གིས་མ་མཐོང་མི་དང་ མིག་ཏོ་ནུས་ཤུགས་མེད་མི་ སློབ་ཕྲུག་༣༡ ཡོདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཚེ་རིང་རྣམ་རྒྱལ།

 

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *