དབང་པོ་ལུ་ ཐོ་ཕོག་མི་ཅིག་ བུམོ་ཅུང་ལུ་ གནོད་འཚེ་འབད་བའི་བཙོན་ཁྲིམས།

༉ ཧཱ་རྫོང་ཁག་ཁྲིམས་འདུན་གྱིས་ བསམ་རྩེ་རྡོ་རོ་ཁ་ལས་ སྐྱེས་ལོ་༣༩ ལང་མི་ ཕོ་སྐྱེས་ཅིག་གིས་ ལོ་༧ དང་ཟླཝ་༦ ལང་མི་ བུམོ་ཅུང་ཅིག་ལུ་ འདོད་སྤྱོད་དང་འབྲེལ་བའི་ གནོད་འཚེ་འབད་ཡོད་མི་ལུ་བརྟེན་ ཁོ་ལུ་ བཙོན་ཁྲིམས་ཟླཝ་༩ བཀལ་ནུག།
དེ་ཡང་ སྤྱི་ཟླ་༡༡ པའི་ཚེས་༢༩ ལུ་གནང་མི་ འཁྲུན་ཆོད་ནང་ ཉེས་ཅན་ཕོ་སྐྱེས་དེ་གིས་ ཉམས་རྒུདཔ་བུམོ་ཅུང་དེ་ལུ་ གནོད་འཚེ་འབད་ཡོད་པའི་ རྫུན་ཁ་བཟེད་ཅི་ཟེར་བཀོད་ནུག།
ཨིན་རུང་ ཉེས་ཅན་ཕུར་པ་འཕྲིན་ལས་དེ་ དབང་པོ་ལུ་ ཐོ་ཕོག་མི་ཅིག་ཨིནམ་ལས་ རྒྱལ་ཁབ་ནང་འཁོད་ དབང་པོ་སྐྱོན་ཞུགས་ཀྱི་ཁྲིམས་ཚད་ སྤྱི་ཚོགས་ལས་ ཆ་འཇོག་མ་གྲུབ་ཚུན་ ཉེས་འགེལ་དོན་ཚན་དབྱེ་བ་མེད་པར་ དབང་པོ་སྐྱོན་ཞུགས་ཚུ་ལུ་ ཉེས་འཛུགས་བཀོད་པ་ཅིན་ རྩ་ཁྲིམས་ཆེན་མོའི་རྩ་ཚན་༧(༡༥)པ་ལས་ རྒྱབ་འགལ་འགྱོ་ནི་མས་ཟེར་ ཁྲིམས་འདུན་གྱིས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་དོན་ཚན་༢༠༣ ལས་འགལ་མི་དེ་ ངོས་ལེན་མ་འབད་བས།
དེ་འབདཝ་ལས་ ཁྲིམས་དེབ་ཀྱི་དོན་ཚན་༥ དང་༢༢ པའི་དགོངས་དོན་དང་འཁྲིལ་ དབྱེ་རིམ་༤ པ་ལས་ བསྒྱུར་བཅོས་ཐོག་ ཁྲིམས་དེབ་ཀྱི་ དོན་ཚན་༡༣ པའི་ དགོངས་དོན་ལས་འགལ་བའི་ཉེས་ཕྲ་ ཁྲིམས་དམའ་ཤོས་ཟླ་ངོ་༡ དང་ མཐོ་ཤོས་ལོ་༡ འོག་རྒྱུ་ལུ་ བཙོན་ཁྲིམས་སྨིན་དགོ་མི་དང་འཁྲིལ་ ཉེས་ཁྲིམས་ཟླཝ་༩ བཀལ་ནུག།
ཉེས་ཅན་དེ་གིས་ ཁྲིམས་འཐུས་བཏབ་རུང་ བཏབ་ཆོག་ཟེར་ འཁྲུན་ཆོད་ནང་ བཀོད་ཡོདཔ་བཞིན་དུ་ ཉམས་རྒུད་པའི་ སྙན་གྲགས་ལུ་ ཉམས་ཆག་བཀལ་བའི་ རྒུད་འཐུས་སྦེ་ ཟླ་ངོ་༤ གི་ རྒྱལ་ཡོངས་ལས་མིའི་གླ་ཆ་ དངུལ་ཀྲམ་༡༥,༠༠༠ ཉིན་གྲངས་༡༠ གྱི་ནང་འཁོད་ལུ་ སྤྲོད་དགོ་པའི་ ཁྲིམས་ཀྱི་བཀའ་རྒྱ་གནང་ནུག།
དེ་མ་ཚད་ ཉེས་ཅན་དེ་གིས་ གཡུས་སྒོ་ནང་ ཨ་ལོ་ཚུ་ལུ་ བསུན་འཚེར་གྱི་ཉེས་པ་ ལོག་འབད་ནིའི་ ཉེན་ཁ་ཡོདཔ་ལས་ ས་གནས་ཀྱི་ རྒཔོ་དང་དམངས་མི་ཚུ་ལུ་ གོ་བ་བརྡ་སྤྲོད་ འབད་དགོཔ་མ་ཚད་ ཕམ་ཚུ་གིས་ འགན་ཁུར་འབག་དགོཔ་སྦེ་ བཀའ་རྒྱ་གནང་ནུག།
བྱུང་རྐྱེན་དེ་ཡང་ སྤྱི་ཟླ་༨ པའི་ནང་ ཉེས་ཅན་དེ་གིས་ བུམོ་ཅུང་དེ་ལུ་ འདོད་སྤྱོད་ཀྱི་ གློག་བརྙན་བལྟ་བཅུག་སྟེ་ དོརམ་ཕུད་བའི་ཤུལ་ལུ་ མོ་མཚན་དཀྲོགས་ཡོདཔ་ཨིན་པས།
ཁྲིམས་འདུན་གྱིས་ ཕུར་པ་འཕྲིན་ལས་དེ་ དབང་པོ་ལུ་ ཐོ་ཕོག་ཡོདཔ་ ངེས་བདེན་ཨིན་མེན་ དབྱེ་བཤེར་འབད་བའི་སྐབས་ ཁ་སླབ་མ་ཤེསཔ་མ་ཚད་ བྱ་རྡུགས་ཨིན་པའི་ མངོན་གསལ་བྱུང་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *