དཔེ་དེབ་རྙིངམ་ཚུ་ནང་ ནོར་བ་ཞུགས་ཡོདཔ་མ་གཏོགས་ པར་སྐྲུན་གསརཔ་ནང་མེདཔ།

༉ སློབ་གྲྭ་ཚུ་གི་ རྒྱལ་རབས་དཔེ་དེབ་ནང་ བརྡ་དོན་དང་ ཡིག་དེབ་ཀྱི་ནོར་བ་ མང་ཤོས་ར་ དཔེ་དེབ་རྙིངམ་ཚུ་ནང་ཡོདཔ་མ་གཏོགས་ པར་སྐྲུན་གསརཔ་འབད་མི་ཚུ་ནང་ གངམ་མེད་ཟེར་ཨིན་པས།
དེ་ཡང་ སྤྱི་ཟླ་༣ པའི་ཚེས་༢༡ ལུ་ མ་འོངས་པའི་དོན་ལུ་ ཤེས་རིག་ཟེར་བའི་ བརྗོད་དོན་ཐོག་ལུ་ ཤེས་རིག་གྲོས་འཛོམས་ཅིག་ འཚོགས་པའི་སྐབས་ རྒྱལ་འཛིན་ཤེས་རིག་ཚོགས་སྡེའི་ འགོ་དཔོན་ཚུ་གིས་ བཤད་ཅི།
འགོ་དཔོན་ཚུ་གིས་འབད་བ་ཅིན་ དཔེ་དེབ་ཚུ་ ལོ་བསྟར་བཞིན་དུ་ བསྐྱར་ཞིབ་འབད་དོ་ཟེར་ཨིནམ་ད་ ཚོགས་སྡེའི་མདོ་ཆེན་ ཀུན་དགའ་གྲགས་པ་གིས་ སླབ་མིའི་ནང་ དཔེ་དེབ་ཚུ་ བསྐྱར་ཞིབ་འབད་བའི་སྐབས་ བརྡ་དོན་ཚུ་ དུས་མཐུན་བཟོ་ཐོག་ལས་ ཡིག་དེབ་ནོར་བ་ཚུ་ཡང་ དག་བཅོས་འབད་དེ་ པར་སྐྲུན་འབད་དོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཚོགས་སྡེའི་ཁ་ཐུག་ལས་ དཔེ་དེབ་ཚུ་ ནོར་བ་མེདཔ་སྦེ་བཟོ་ནིའི་ དཔའ་བཅམ་རུང་ འཕྲལ་འཕྲལ་སྐབས་ གནད་དོན་ལེ་ཤ་ཅིག་ཐོག་ལས་ ནོར་བ་བྱུངམ་མས་ཟེར་ཨིནམ་ད་ ད་རེས་ སློབ་གྲྭ་ལ་ལོ་ཅིག་ནང་ དཔེ་དེབ་རྙིངམ་ཚུ་ ལག་ལེན་འཐབ་སྟེ་ ཡོད་ཟེར་ཨིན་པས།
འཕྲལ་ཁམས་ཅིག་ཁར་ འབྲུག་བརྡ་བརྒྱུད་ཚོགས་སྡེའི་ བཀོད་ཁྱབ་མདོ་ཆེན་ དངོས་གྲུབ་བཟང་པོ་གིས་ སློབ་རིམ་༧ པ་དང་༨ པའི་ རྒྱལ་རབས་ཀྱི་ ལྷན་ཐབས་ཆོས་ཚན་ བྷུ་ཊཱན་སི་བིས་ནང་ ནོར་བ་ཡོད་མི་དང་ སྐད་ཡིག་གི་ གནས་ཚད་སྐོར་ལས་ མི་སྡེ་བརྡ་བརྒྱུད་ནང་ བཙུགས་ཡོདཔ་ཨིན་པས།
མ་གཞི་ རྩ་ཁྲིམས་ཅན་གྱི་ དམངས་གཙོའི་རྒྱལ་གཞུང་འོང་དགོཔ་ཅིག་ཨིན་རུང་ བྷུ་ཊཱན་སི་བིས་ནང་ དམངས་གཙོའི་སྤྱི་ཚོགས་ རྒྱལ་གཞུང་སྦེ་ ཚུད་དེ་ཡོདཔ་ཨིན་པས།
དེ་མ་ཚད་ མི་ཚུ་གིས་ དཔེ་དེབ་ནང་ ཡིག་དེབ་ནོར་བ་དང་ བརྡ་གཞུང་ གཞི་རྟེན་བརྡ་དོན་ དེ་ལས་ དཔེ་དེབ་ཀྱི་ བརྗོད་དོན་ནང་ འཛོལ་ཞུགས་ཆགས་ཡོད་པའི་སྐོར་ལས་ འཁོད་དེ་ཡོདཔ་ཨིན་པས།
ཤེས་རིག་གྲོས་འཛོམས་འགོ་དང་པ་དེ་ཡང་ འབྲུག་བརྡ་བརྒྱུད༌ཚོགས་པའི་སྐབས་ ཤེས་རིག་འགོ་དཔོན་དང་ བརྡ་བརྒྱུདཔ་གོངམ་ཚུ་གིས་ ཤེས་རིག་བློན་པོ་དང་ཅིག་ཁར་ ཤེས་རིག་གི་གནད་དོན་ཐོག་ལུ་ གྲོས་བསྡུར་འབད་ཡི།
ཀུན་དགའ་གྲགས་པ་གིས་ སླབ་མིའི་ནང་ དཔེ་དེབ་གསརཔ་ཚུ་ནང་ ནོར་བ་ཚུ་ འོང་སྲིད་ནི་ཨིན་རུང་ དཔེ་དེབ་རྙིངམ་བཟུམ་སྦེ་ ལེ་ཤ་མི་འོང་ཟེར་ཨིནམ་ད་ སློབ་དཔོན་ཚུ་གིས་འབད་རུང་ སློབ་སྟོན་འབདཝ་ད ཁོང་གིས་ཡང་ དག་བཅོས་འབད་དོ་ཟེར་ཨིན་པས།
དཔེ་དེབ་རྙིངམ་ཚུ་ ག་ཅི་སྦེ་ ནོར་བ་སྦོམ་བྱུང་ཡོདཔ་ཨིན་ནའི་ཐད་ཁར་ སྤ་རོ་ལུ་ཡོད་པའི་ ནོར་བུ་རིག་གཏེར་མཐོ་རིམ་སློབ་གྲྭའི་གཙོ་འཛིན་ ཌོག་ཊར་རྟ་མགྲིན་ཁོ་ར་ ཧེ་མ་ རྩ་གཞུང་བཟོ་མི་ཅིག་སྦེ་ སྡོད་ཡོདཔ་བཞིན་དུ་ ཁོ་གིས་ སླབ་མིའི་ནང་ རྒྱལ་འཛིན་ཤེས་རིག་ཚོགས་སྡེ་གིས་ བྷུ་ཊཱན་སི་བིས་དཔེ་དེབ་དེ་ བཟོ་བའི་སྐབས་ འབྲུག་དེ་ དམངས་གཙོའི་རིང་ལུགས་ལུ་ བསྒྱུར་བཅོས་འབད་བའི་ གནས་སྟངས་ནང་ ཨིན་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གཞུང་གིས་ བྷུ་ཊཱན་སི་བིས་དཔེ་དེབ་ ཟླཝ་༣ གྱི་ནང་འཁོད་ལུ་ བཟོ་ཚརཝ་འབད་དགོ་པའི་ ཨུ་ཚུགས་བསྐྱེད་མི་ལུ་བརྟེན་ སློབ་རིམ་༧ པ་ལས་༡༢ པ་ཚུན་གྱི་ དཔེ་དེབ་ཚུ་བཟོ་དགོཔ་ལས་ གདོང་ལེན་སྦོམ་སྦེ་ར་ བྱུང་ཡི་ཟེར་ཨིན་པས།
དཔེ་དེབ་དེ་ སྤྱི་ལོ་༢༠༠༨ ཀྱི་ སློབ་དུས་ནང་ གྲ་སྒྲིག་འབད་དགོ་པའི་ དོན་དག་གཙོ་བོ་ར་ དམངས་གཙོའི་རིང་ལུགས་ཀྱི་ བཙག་འཐུ་དེ་ སྤྱི་ཟླ་༦ པའི་ནང་ འགོ་འདྲེན་འཐབ་ནིའི་དོན་ལུ་ཨིནམ་བཞིན་དུ་ ཤེས་རིག་ལམ་ལུགས་དེ་ མི་སེར་ཚུ་ལུ་ དམངས་གཙོའི་རིང་ལུགས་དང་ ཚོགས་རྒྱན་བཙུགས་ནིའི་སྐོར་ལས་ གོ་བ་བརྡ་སྤྲོད་འབད་ནི་ལུ་ སྣུམ་འཁོར་བཟུམ་ཅིག་སྦེ་ བསྒྱུར་ཡི་ཟེར་ཨིན་པས།
ཌོག་ཊར་རྟ་མགྲིན་གྱིས་ སླབ་མིའི་ནང་ གཞུང་ལས་ ཨུ་ཚུགས་རྐྱབ་སྟེ་འབད་མི་ལུ་བརྟེན་ དཔེ་དེབ་ཚུ་ནང་ ནོར་བ་བྱུང་མི་དེ་ཡང་ དེ་ལུ་བརྟེན་ཨིནམ་འོང་ཟེར་ཨིནམ་ད་ འབྲུག་མི་ཚུ་གིས་ རྒྱལ་ཁབ་ནང་ འགོ་དང་པ་ རྒྱལ་རབས་དང་ བྷུ་ཊཱན་སི་བིས་དཔེ་དེབ་ བཟོ་མི་ལུ་བརྟེན་ གདོང་ལེན་སྦོམ་སྦེ་ར་ བྱུང་ཡི་ཟེར་ཨིནམ་ད་ ཧེ་མ་འབད་བ་ཅིན་ འཐུས་ཡུ་ཨེསི་ཌོ་ལར་༡,༠༠༠ བྱིན་ཐོག་ལས་ ཨཱསི་ཊེ་ལི་ཡ་ལུ་ བཟོ་དོ་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ བྷུ་ཊཱན་སི་བིས་དེ་ཡང་ བཙག་འཐུའི་བཅའ་ཁྲིམས་དང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ དེ་ལས་ བཅའ་ཁྲིམས་ལ་ལོ་ཅིག་ ཟིན་བྲིས་བཏབ་སྡོད་པའི་སྐབས་ བཟོ་མི་ལུ་བརྟེན་ གཞི་བཞག་ས་མེདཔ་ལས་ ལཱ་ཁག་བཏང་ཡོདཔ་བཞིན་དུ་ ང་བཅས་ཀྱི་ ལྕོགས་གྲུབ་དང་འཁྲིལ་ཏེ་ བཟོ་བ་ཅིན་ དྲག་ནི་མས་ཟེར་ཨིན་པས།
ཨིན་རུང་ ཀུན་དགའ་གྲགས་པ་གིས་འབད་བ་ཅིན་ འདས་པའི་ལོ་༡ ནང་འཁོད་ལུ་ ཆོས་ཚན་༡༠ གྱི་ རྩ་གཞུང་གཞི་བཀོད་༡༠ བཟོ་ཚར་ཏེ་ཡོད་ཟེར་ཨིནམ་ད་ རྩ་གཞུང་གཞི་བཀོད་དེ་ རྩ་གཞུང་བཟོ་མི་ཚུ་ལུ་ སྤྱིར་བཏང་ ལམ་སྟོན་ཅིག་ཨིན་པའི་ཁར་ དེ་གིས་ སློབ་དཔོན་ཚུ་ཡང་ རྩ་གཞུང་ཚུ་ སློབ་སྟོན་འབད་བའི་སྐབས་ ག་དེ་སྦེ་ འབད་ནི་ཨིན་ན་ཚུ་ལུ་ཡང་ ལྷན་ཐབས་འབྱུང་ཚུགས་ཟེར་ཨིན་པས།
དེ་མ་ཚད་ ཆོས་ཚན་སོ་སོར་ཚུ་གི་དོན་ལུ་ཡང་ རྩ་གཞུང་གཞི་བཀོད་ བཟོ་དགོཔ་ཡོད་ཟེར་ཨིནམ་ད་ རྩ་གཞུང་གཞི་བཀོད་དེ་ཡང་ སྲིད་བྱུས་དང་འཁྲིལ་ཏེ་ རྒྱབ་སྐྱོར་ཚུ་ ག་དེ་སྦེ་ བྱིན་ནི་ཨིན་ན་དང་ སློབ་ཕྲུག་ཚུ་གིས་ གསར་བཏོད་ཐོག་ལས་ མནོ་བསམ་ཐོག་ལས་ སློབ་སྦྱོང་འབད་ནི་ལ་སོགས་པ་ཚུ་ལུ་ གཙོ་རིམ་བཟུང་སྟེ་ཡོད་ཟེར་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *