དཔལ་ལྡན་རྩི་ས་དབང་འཛིན་ལུ་ ཉེས་ཆད་བཀལ་ཡོདཔ།

༉ ལས་གཡོག་ལྷན་ཁག་དང་འཁྲིལ་བ་ཅིན་ དཔལ་ལྡན་རྩི་ས་དབང་འཛིན་གྱིས་ ལས་བྱེདཔ་༡༣༠ ལུ་ གཏན་འཇགས་ཀྱི་ལས་བྱེདཔ་གྲངས་སུ་ བཙུགས་མ་བཏུབ་མི་ལུ་ ཉེས་ཆད་ཕོག་ཟེར་ཨིན་པས།
ལས་མི་དང་ལས་གཡོག་བཅའ་ཁྲིམས་ཀྱི་དོན་ཚན་༤༡ པ་དང་འཁྲིལ་བ་ཅིན་ མི་གང་རུང་ཅིག་གིས་ དོན་ཚན་དེ་ལས་འགལ་བའི་ལཱ་བྱ་འཐབ་པ་ཅིན་ ཉེས་ཆད་ཉུང་ཤོས་ ཉིན་གྲངས་༣༦༠ གི་ རྒྱལ་ཡོངས་ལས་མིའི་གླ་ཆ་ཕོག་ཟེར་ཨིནམ་ད་ ད་ལྟོ་ རྒྱལ་ཡོངས་ལས་མིའི་ ཉིན་བསྟར་གླ་ཆ་དེ་ དངུལ་ཀྲམ་༡༢༥ ཨིན་པས།
དུས་ཅི་ སྤྱི་ཟླ་༢ པའི་ནང་ དབང་འཛིན་གྱི་ ལས་བྱེདཔ་སྡེ་ཚན་ཅིག་གིས་ ཕུན་ཚོགས་གླིང་ལུ་ཡོད་པའི་ ལུང་ཕྱོགས་ལས་མི་ཡིག་ཚང་ནང་ ཉོགས་བཤད་བཀོད་མི་དང་འཁྲིལ་བ་ཅིན་ ཁོང་ཆ་ཁྱབ་ དབང་འཛིན་དང་གཅིག་ཁར་ལཱ་འབད་དེ་ ལོ་༡༠ དང་༡༥ གི་བར་ན་ལང་ཡོད་རུང་ གཏན་འཇགས་ལས་བྱེད་པའི་གྲངས་སུ་ བཙུགས་མ་བཏུབ་ཟེར་ཨིན་པས།
ཁོང་གིས་ སླབ་མིའི་ནང་ མ་གཞི་ ལས་མིའི་བཅའ་ཁྲིམས་དེ་ སྤྱི་ལོ་༢༠༠༧ ལུ་ཆ་འཇོག་གནང་རུང་ དབང་འཛིན་གྱིས་ བཅའ་ཁྲིམས་དང་འཁྲིལ་ལཱ་འབད་མི་བཏུབ་པས་ཟེར་ཨིན་པས།
ལས་གཡོག་མདོ་ཆེན་ བསོད་ནམས་དབང་འདུས་ཀྱིས་འབད་བ་ཅིན་ ལས་བྱེདཔ་ཚུ་ གཏན་འཇགས་ཀྱི་ལས་བྱེདཔ་གྲངས་ཚུ་ མ་བཙུགས་མི་དེ་ དབང་འཛིན་གྱི་འཛོལ་བ་ཨིནམ་ ངེས་བདེན་ཨིན་རུང་ དེ་བཟུམ་གྱི་དཀའ་ངལ་བྱུང་མི་དེ་ ལས་མིའི་འགོ་དཔོན་དང་ དབང་འཛིན་གྱི་འགོ་དཔོན་ཚུ་ འཕྲལ་འཕྲལ་ར་ སོར་འགྱོ་ནི་དེ་གིས་ གནད་དོན་དེ་ དེ་འཚམས་ཅིག་སྦེ་ ལུས་ཡོདཔ་འོང་ནི་མས་ཟེར་ཨིན་པས།
མདོ་ཆེན་གྱིས་འབད་བ་ཅིན་ ཉེས་ཆད་ཀྱི་ཐད་ཁར་ གནད་དོན་ལུ་གཞི་བཞག་སྟེ་ བཀལ་ནི་ཨིནམ་ལས་ ཉིན་གྲངས་༡༠༠ དང་༢༠༠ དེ་ཅིག་གི་བར་ན་ ཕོག་ནི་འོང་ཟེར་ཨིནམ་ད་ ད་རེས་ དབང་འཛིན་གྱིས་ སྤྱིར་བཏང་ལས་བྱེདཔ་ཚུ་ལུ་ ཉིན་བསྟར་གྱི་དངུལ་ཕོགས་དེ་ ཉིནམ་༡ ལུ་ དངུལ་ཀྲམ་༢༡༥ བྱིན་དོ་ཡོདཔ་ཨིན་པས།
ལས་བྱེདཔ་ཚུ་གིས་ ངལ་གསོ་མ་སྡོད་པར་ལཱ་འབད་བའི་འཐུས་ འཐོབ་ནི་མེདཔ་མ་ཚད་ རེས་གཟའ་ཟླ་བ་དང་ གཞུང་གི་ངལ་གསོ་ནང་ལཱ་འབད་བའི་འཐུས་ཡང་ མི་ཐོབ་དོ་ཡོདཔ་ཨིན་པས།
ལས་མིའི་བཅའ་ཁྲིམས་དང་འཁྲིལ་བ་ཅིན་ གལ་སྲིད་ མི་ངོམ་དེ་གིས་ ལཱ་འབད་དེ་ ལོ་༡ ལང་ཡོད་པ་ཅིན་ ཁག་འབགཔ་སྦེ་བཙུགས་དགོ་ཟེར་ཨིནམ་ད་ ཨིན་རུང་ ཁོང་ལས་བྱེདཔ་ཚུ་ གཏན་འཇགས་ཀྱི་ལས་བྱེདཔ་མེནམ་མ་ཚད་ ཁག་འབག་ནང་ཡང་མེན་པའི་གནས་ཚུལ།

སྐད་སྒྱུར་ བསྟན་འཛིན་རྣམ་རྒྱལ།

 

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *