བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་ དཔལ་འབྱོར་ལེགས་བསྒྱུར་གྲོས་འཛོམས་ནང་ གྲལ་གཏོགས་འབད་མི་ཚུ་དང་གཅིག་ཁར་ ལྷན་བཞུགས་གནང་པའི་བསྒང་།

དཔལ་འབྱོར་ཞལ་འཛོམས་ཀྱིས་ དངུལ་འབྲེལ་སྲིད་བྱུས་བརྩམ་ནི་ལུ་ ཕན་ཐོགས་ནི།

༉ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ རྒྱལ་ཁབ་ཀྱི་ ཁྱིམ་བཟོའི་བསྐྱིན་འགྲུལ་གྱི་ སྲིད་བྱུས་བསྐྱར་ཞིབ་འབད་ནི་ཨིནམ་མ་ཚད་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་གི་ རྒྱབ་སྐྱོར་ཐོག་ལས་ ཁྱིམ་བཟོ་དང་འབྲེལ་བའི་བསྐྱིན་འགྲུལ་བརྟག་ཞིབ་འབད་ནི་ཨིན་པས།

དེ་ཡང་ ད་རེས་ དངུལ་ཁང་དང་ དངུལ་འབྲེལ་ལས་སྡེ་ཚུ་གིས་ བསྐྱིན་འགྲུལ་བརྒྱ་ཆ་༤༧ དེ་ཅིག་ འོང་འབབ་ལེགས་ཤོམ་མེད་པའི་ལས་སྣ་ ཁྱིམ་བཟོ་སྐྲུན་གྱི་དོན་ལུ་ བསྐྱིན་འགྲུལ་བྱིན་མི་དེ་གིས་ དཔལ་འབྱོར་གོང་འཕེལ་ལུ་ ཕན་ཐོགས་མེད་པའི་ཁར་ གནོད་པ་ཡང་ ཡོདཔ་ཨིན་པས།
དེ་ཡང་ ཁ་ཙ་ལས་ འགོ་བཙུགས་མི་ འབྲུག་དཔལ་འབྱོར་ལེགས་བསྒྱུར་གྲོས་འཛོམས་སྐབས་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་སྤྱི་འཛིན་ དྲགོས་དཔལ་འབྱོར་གྱིས་ སྙན་ཞུ་འབད་མིའི་ནང་ བསྐྱིན་འགྲུལ་བརྒྱ་ཆ་༤༧ དེ་ཅིག་ ཁྱིམ་བཟོ་སྐྲུན་གྱི་དོན་ལུ་ བྱིན་པའི་སྐབས་ དེ་གིས་ ཚོང་ལཱ་ལུ་ ཕན་ཐོགས་སྦོམ་ མ་འབྱུང་ནི་དེ་གིས་ ད་ལས་ཕར་ བསྐྱིན་འགྲུལ་དེ་ འོང་འབབ་ཡོད་པའི་ ལས་སྣ་ཚུ་ལུ་བྱིན་ནིའི་ ཐབས་ཤེས་བཏོན་ནི་ཟེར་ཨིན་པས།
ཁྱིམ་བཟོ་བསྐྱིན་འགྲུལ་དེ་ འོང་འབབ་མེད་པའི་ བསྐྱིན་འགྲུལ་གྱི་ གྲངས་སུ་ཚུད་དོ་ཡོདཔ་ད་ བསྐྱིན་འགྲུལ་དེ་ཡང་ མང་ཤོས་ཅིག་ ཁྲོམ་ཁར་སྡོད་མི་ཚུ་ལུ་ བྱིན་མི་དེ་ཡང་ ཁྱིམ་རྐྱབ་མི་ མང་ཤོས་ར་ ཁྲོམ་ཁར་ཡོད་མི་ལུ་བརྟེན་ཨིན་པས།
དྲགོས་དཔལ་འབྱོར་གྱིས་ སྙན་ཞུ་འབད་མི་དང་འཁྲིལ་བ་ཅིན་ བསྐྱིན་འགྲུལ་ལུ་བརྟེན་ འོང་འབབ་བཟོ་ནི་མེན་པར་ ཧེང་སྐལ་ར་ རྒྱལ་ཁབ་བུ་ལོན་ནང་ ཚུད་བཅུདཔ་མས་ཟེར་ཨིནམ་ད་ དེ་ཡང་ འོང་འབབ་མེད་པའི་ བསྐྱིན་འགྲུལ་དེ་ ཁྱིམ་རྐྱབ་ནི་དང་ སྣུམ་འཁོར་དང་ འགྲུལ་འཕྲིན་མོ་བཱ་ཡེལ་ལ་སོགས་པའི་ ཅ་ཆས་ཚུ་ནང་ ཟད་འགྲོ་བཏང་ནི་དེ་གིས་ དཔལ་འབྱོར་ལུ་ ཕན་ཐོགས་མིན་འདུག་ཟེར་ཨིན་པས།
དྲགོས་དཔལ་འབྱོར་གྱིས་འབད་བ་ཅིན་ མ་གཞི་ བསྐྱིན་འགྲུལ་དེ་ སོ་ནམ་ལས་སྡེ་ལུ་ བྱིན་ཐོག་ལས་ སོ་ནམ་དང་འབྲེལ་བའི་ལཱ་ཚུ་ གོང་འཕེལ་གཏང་སྟེ་ མི་སྡེའི་དཔལ་འབྱོར་གོང་འཕེལ་གཏང་ནི་ལུ་ གཙོ་རིམ་བཟུང་དགོཔ་ཨིན་རུང་ ད་རེས་ འབྲུག་གོང་འཕེལ་དངུལ་ཁང་མ་གཏོགས་ དངུལ་ཁང་གཞན་ཚུ་གིས་ སོ་ནམ་ཚུ་ལུ་བསྐྱིན་འགྲུལ་བྱིན་ནིའི་ ལམ་ལུགས་མེད་མི་དེ་ ད་ལས་ཕར་ སོ་ནམ་ལས་སྡེ་ཚུ་ནང་ བསྐྱིན་འགྲུལ་བྱིན་ནིའི་ ལམ་ལུགས་ཡང་ དབང་འཛིན་གྱིས་ བཟོ་ནི་ཟེར་ཨིན་པས།
དེ་ལུ་བརྟེན་ ད་རེས་ རྒྱལ་ཁབ་ཀྱི་གནས་སྟངས་དེ་ བུ་ལོན་ནང་ཡོདཔ་མ་ཚད་ ལཱ་གཡོག་མ་ཐོབ་པའི་དཀའ་ངལ་ཚུ་ཡང་ བྱུངམ་མས་ཟེར་ཨིནམ་ད་ བསྐྱིན་འགྲུལ་གྱི་ ལམ་ལུགས་དེ་ ལེགས་ཤོམ་ཅིག་ཡོད་པ་ཅིན་ འབྲུག་པའི་ན་གཞོན་ཚུ་གིས་ཡང་ བསྐྱིན་འགྲུལ་ལེན་ཐོག་ལས་ ཁེ་ཕན་ཡོད་པའི་ལཱ་ཚུ་ འབད་ཚུགས་པའི་ གོ་སྐབས་ཡོདཔ་ལས་ ད་ལས་ཕར་ ན་གཞོན་ཚུ་ལུ་ བསྐྱིན་འགྲུལ་བྱིན་ནིའི་ལམ་ལུགས་ཡང་ འགོ་བཙུགས་ནི་ཟེར་ཨིན་པས།
ཉིནམ་གྲངས་༢ ཀྱི་ གྲོས་འཛོམས་སྐབས་ འཛམ་གླིང་དངུལ་ཁང་དང་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་ རྒྱལ་ཁབ་སོ་སོ་ལས་ དངུལ་འབྲེལ་མཁས་མཆོག་དང་ འགོ་དཔོན་ དེ་ལས་ རྒྱལ་ཁབ་ཀྱི་ དངུལ་འབྲེལ་འགོ་དཔོན་ཚུ་གི་བར་ན་ ཁྱད་རིག་བརྗེ་སོར་དང་ གྲོས་བསྟུན་འབད་ནི་ཨིནམ་ད་ གྲོས་འཛོམས་ལས་རིམ་དེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བཀའ་རྒྱ་གནང་མི་དང་བསྟུན་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
གྲོས་འཛོམས་དེ་ལས་ཐོབ་མི་ རིག་པ་དང་ ཡོན་ཏན་དེ་གིས་ རྒྱལ་ཡོངས་དངུལ་འབྲེལ་གྱི་ སྲིད་བྱུས་ཟིན་བྲིས་ བཏབ་ནི་ལུ་ ཕན་ཐོགས་འབྱུང་ནི་ཨིནམ་ལས་ རྒྱལ་ཁབ་ཀྱི་ དངུལ་འབྲེལ་འགོ་དཔོན་ཚུ་གིས་ གྲོས་འཛོམས་སྐབས་ ཕྱི་ཁར་ལས་འོང་མི་ མཁས་མཆོག་ཚུ་ལས་ ཡོན་ཏན་དང་ རིག་པ་འཐོབ་ནི་ལུ་ གོ་སྐབས་ལེན་དགོཔ་ཁག་ཆེ་ཟེར་ དྲགོས་དཔལ་འབྱོར་གྱིས་ དྲན་གསོ་ཞུ་ཡི།
ད་རེས་ དངུལ་འབྲེལ་ལས་སྡེ་ཚུ་གིས་ བཟོ་གྲྭ་ཆུང་བའི་དོན་ལུ་ བསྐྱིན་འགྲུལ་བརྒྱ་ཆ་༣ དང་ བཟོ་གྲྭ་བར་མ་ཚུ་ལུ་ བརྒྱ་ཆ་༢༠ བཟོ་གྲྭ་ཁང་ཆེ་བ་ལུ་བརྒྱ་ཆ་༡༧ དེ་ལས་ ཚོང་ལཱ་ཆུང་བ་ཚུ་ལུ་ བསྐྱིན་འགྲུལ་བརྒྱ་ཆ་༣ ལས་བརྒལ་ བྱིན་ནི་མེདཔ་ད་ དྲགོས་དཔལ་འབྱོར་གྱིས་འབད་བ་ཅིན་ བསྐྱིན་འགྲུལ་དེ་ ངོ་མ་ར་ བཟོ་གྲྭ་དང་ ལྟ་བཤལ་ལས་སྡེ་ དེ་ལས་ སོ་ནམ་ལས་སྡེ་ཚུ་ལུ་ བྱིན་དགོཔ་ལས་ ཟིན་བྲིས་བཏབ་ནི་ཨིན་མི་ རྒྱལ་ཡོངས་བསྐྱིན་འགྲུལ་སྲིད་བྱུས་ནང་ དེ་ཚུ་བཙུགས་ནི་ཟེར་ཨིན་པས།
འབྲུག་གི་ དཔལ་འབྱོར་ལེགས་བསྒྱུར་གྲོས་འཛོམས་དེ་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ འགོ་འབྱེད་གནང་ཡོདཔ་ད་ དེ་བསྒང་ བློན་ཆེན་གྱིས་འབད་བ་ཅིན་ རྒྱལ་ཁབ་ཀྱི་ མི་རློབས་ལས་ བརྒྱ་ཆ་༤༨ རྐྱངམ་གཅིག་གིས་ གཞུང་འབྲེལ་གྱི་ དངུལ་འབྲེལ་ཞབས་ཏོག་ཚུ་ ལག་ལེན་འཐབ་མ་གཏོགས་ བརྒྱ་ཆ་༧༨ ཀྱིས་ ལམ་ལུགས་དང་མ་འཁྲིལ་བའི་ དངུལ་འབྲེལ་གྱི་ལཱ་ཚུ་ནང་ བཅའ་མར་གཏོགསཔ་མས་ཟེར་ཨིན་པས།
དེ་ཡང་ མི་མང་ཤོས་ཅིག་གིས་ དངུལ་ཁང་ནང་ ཏི་རུ་གསོག་འཇོག་འབད་ནིའི་ ལུགས་སྲོལ་མེདཔ་མ་ཚད་ མང་ཤོས་ཅིག་གིས་ ཏི་རུ་དེ་ སྒེར་གྱི་མི་ངོམ་ཚུ་ལས་ ལོ་གཅིག་ལུ་ སྐྱེད་བརྒྱ་ཆ་༦༠ འབད་ཡང་ ལེན་མི་ཡོདཔ་ལས་ དེ་གིས་ མི་སེར་ཚུ་ལུ་ བྱ་སྟབས་མ་བདེཝ་སྦོམ་སྦེ་ར་ བཟོཝ་མས་ཟེར་གསུངས་ཡི།
རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ བརྟག་ཞིབ་སྙན་ཞུ་དང་འཁྲིལ་བ་ཅིན་ རྫོང་ཁག་༢༠ གི་གྲས་ལས་ དངུལ་འབྲེལ་གྱི་ ཞབས་ཏོག་ལེགས་ཤོམ་དེ་ སྤ་རོ་དང་ ཐིམ་ཕུག་ བསམ་རྩེ་ ཆུ་ཁ་ དེ་ལས་ བཀྲིས་སྒང་རྐྱངམ་གཅིག་ནང་ འདུག་ཟེར་ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

ཀྲོང་གསར་ལུ་ཆརཔ་གིས་ འབྱ་བརྔ་མི་ཚུ་ལུ་ གནོད་པ་རྐྱབ་ཡོདཔ།

༉ དུས་ཚོད་ འ་ནེམ་གཅིག་ཁར་ ཀྲོང་གསར་གྱི་ ས་གནས་མང་ཤོས་ནང་ འབྱ་བསྡུ་ནིའི་ དུས་ཚོད་ཨིན་མི་དང་བསྟུན་ གཡུས་མི་མང་ཤོས་ཀྱིས་ འབྱ་རྔ་ཡོདཔ་བཞིན་དུ་ སྤྱི་ཟླ་༡༠ པའི་ཚེས་༡༦ གི་ཕྱི་རུ་ ཆརཔ་རྐྱབ་སྟེ་ འབྱ་བརྔ་མི་མང་ཤོས་ མེདཔ་གཏང་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *