དཔལ་འབྱོར་དང་ དངུལ་རྩིས་ཚོགས་ཆུང་གིས་ ས་གཏེར་དང་ གཏེར་ཁའི་དཔྱད་ཡིག་ གཞུང་སྒེར་གཉིས་ལུ་ ཕན་ཐོགས་ཅན་བཟོ་ནི།

༉ ས་གཏེར་དང་ གཏེར་ཁའི་དཔྱད་ཡིག་དེ་ གལ་ཅན་སྦེ་ མངོན་གསལ་བྱུང་མི་ལུ་བརྟེན་ རྒྱལ་ཡོངས་ཚོགས་འདུའི་ དཔལ་འབྱོར་དང་ དངུལ་རྩིས་ཚོགས་ཆུང་གིས་ གནམ་དགུན་གྱི་ ཚོགས་ཐེངས་ནང་ འཕྲལ་མཁོའི་དཔྱད་ཡིག་སྦེ་ བཙུགས་ནི་ལུ་ རྩ་འགེངས་དོ་ཡོདཔ་ཨིན་པས།
ས་གཏེར་དང་ གཏེར་ཁའི་ལས་སྡེ་དེ་ ལཱ་གཡོག་གི་ གོ་སྐབས་བཟོ་ནི་ལུ་ འོས་འབབ་སྦོམ་ ཡོད་པའི་ཁར་ སྤྱིར་བཏང་ དཔལ་འབྱོར་གོང་འཕེལ་གཏང་ནིའི་ ས་གོ་ངོ་མ་ཅིག་སྦེ་ ངོས་འཛིན་འབད་རུང་ གཞུང་གིས་ ལས་སྡེའི་ཆོག་ཐམ་ཚུ་ སྤྱི་ལོ་༢༠༡༣ ལས་ གནས་སྐབས་ཅིག་ བཀག་འཛིན་འབད་ཡོདཔ་ལས་ དཔྱད་ཡིག་དེ་ རིམ་སྒྲིག་མ་འབད་ཚུན་ ཆོག་ཐམ་ཚུ་ བྱིན་མི་ཚུགས་ནི་ཨིན་པས།
དཔྱད་ཡིག་དེ་ གལ་གནད་ཅན་ལུ་ གཞི་བཞག་ཐོག་ ཡུན་བརྟན་ཅིག་སྦེ་བཟོ་དགོཔ་ལས་ འདས་པའི་ཚོགས་བཞུགས་ནང་ ཕར་འགྱངས་འབད་ཡོདཔ་བཞིན་དུ་ རྒྱལ་ཡོངས་ཚོགས་འདུ་ནང་ འཕྲལ་མཁོའི་དཔྱད་ཡིག་སྦེ་ ཆ་འཇོག་འབད་ནི་ལུ་ ཚོགས་དཔོན་དང་ རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་བར་ན་ མོས་མཐུན་བྱུང་དགོཔ་ཨིན་པས།
རྒྱལ་ཡོངས་ཚོགས་འདུའི་ ཚོགས་ཆུང་གིས་ ད་རེས་ ས་གཏེར་དང་ གཏེར་ཁ་ཚུ་ འཛིན་སྐྱོང་འབད་ནི་ལུ་ ཐབས་ལམ་བཏོན་དོ་ཡོདཔ་ད་ སྤྱི་ཟླ་༧ པའི་ཚེས་༣༡ ལུ་ འབྲེལ་ཡོད་ལས་སྡེ་ཚུ་དང་ གྲོས་བསྟུན་འབདཝ་ད་ ཚོགས་ཆུང་གི་འཐུས་མི་ རྡོ་རྗེ་དབང་འདུས་ཀྱིས་ རྒྱལ་ཡོངས་ཚོགས་འདུ་ནང་ འཕྲལ་མཁོའི་དཔྱད་སྦེ་ བཙུགས་ནི་ལུ་ རྩ་འགེངས་དོ་ཟེར་ཨིན་པས།
ཚོགས་ཆུང་གིས་ འབྲེལ་ཡོད་ལས་སྡེ་ལས་ གྲོས་འདེབས་ལེ་ཤ་ ལྷོད་མིའི་གྲས་ལས་གཅིག་དེ་ ས་གཏེར་དང་ གཏེར་ཁ་ཚུ་ གཞུང་གིས་ འཛིན་སྐྱོང་འཐབ་ནི་མི་འོང་ཟེར་ཨིན་རུང་ ཚོགས་ཆུང་གི་ འཐུས་མི་ཚུ་གིས་ ས་གཏེར་གྱི་འཛིན་སྐྱོང་དེ་ སྒེར་དང་ གཞུང་ག་གིས་འབད་ནི་ཨིན་ནའི་སྐོར་ལས་ ཐབས་བྱུས་ བཏོན་དོ་ཡོདཔ་ཨིན་པས།
དཔྱད་ཡིག་དང་འཁྲིལཝ་ད་ ས་གཏེར་འཛིན་སྐྱོང་དེ་ དོ་འགྲན་བྱ་རིམ་ཐོག་ བགོ་བཀྲམ་འབད་ནི་ ཡང་ཅིན་ གཞུང་དབང་ལས་སྡེ་གིས་ འབད་ནི་ལུ་ གྲོས་འཆར་ཕུལ་ཡོདཔ་ཨིན་པས།
འཐུས་མི་རྡོ་རྗེ་དབང་འདུས་ཀྱིས་ སླབ་མིའི་ནང་ ས་གཏེར་འཛིན་སྐྱོང་དེ་ གཞུང་དང་ སྒེར་གྱིས་འཐབ་ནི་ལུ་ ས་གཏེར་ཐབས་བྱུས་ལུ་གཞི་བཞག་སྟེ་ འགྱོ་ནི་ཨིནམ་ལས་ འཛིན་སྐྱོང་གི་ ཐབས་ལམ་ཚུ་ རྒྱལ་ཁབ་ཀྱི་ སྲིད་བྱུས་དང་འཁྲིལ་ཏེ་ བཟོ་དགོ་ཟེར་ཨིན་པས།
ས་གཏེར་ཐབས་བྱུས་ཟེར་མི་དེ་ དཔལ་འབྱོར་གྱི་ ཕན་གནོད་ཁྱབ་ཆེཝ་སྦེ་ ཡོད་པའི་ས་གཏེར་ཚུ་ བཀྲམ་སྤེལ་མ་ལང་མི་དང་ ནང་འཁོད་བཟོ་གྲྭ་ཚུ་གི་དོན་ལུ་ ཁག་ཆེ་ཏོག་ཏོ་ཨིན་མི་ ཡང་ཅིན་ བཀོན་དྲགས་དང་ གནས་གོང་མཐོ་བའི་ ས་གཏེར་ཚུ་དང་ ཉེན་སྲུང་གི་ ཕན་གནོད་ཡོད་པའི་ ས་གཏེར་ཚུ་ལུ་ གོ་དོ་ཡོདཔ་ཨིན་པས།
ཨིན་རུང་ ལས་སྡེ་ངོ་ཚབ་ཚུ་གིས་ སླབ་མིའི་ནང་ ས་གཏེར་ག་ཅི་བཟུམ་ཅིག་ ས་གཏེར་ཐབས་བྱུས་སྦེ་ ཐོ་བཀོད་འབད་ནི་སྨོ་ཟེར་ཨིན་མི་དེ་ཡང་ བྱེམ་ལ་སོགས་པ་ཚུ་ཡང་ ས་གཏེར་ཐབས་བྱུས་སྦེ་ བརྩི་འཇོག་འབད་ནི་ ཉེན་ཁ་འདུག་ཟེར་ཨིན་པས།
འཐུས་མི་རྡོ་རྗེ་དབང་འདུས་ཀྱིས་ སླབ་མིའི་ནང་ ས་གཏེར་ཚུ་ གླ་ཁར་བྱིན་པའི་སྐབས་ འོང་འབབ་ཁེ་ཕན་དང་ ལཱ་གཡོག་གོ་སྐབས་ དེ་ལས་ རང་བཞིན་གནས་སྟངས་ཀྱི་ གནོད་པ་ཚུ་ཡང་ ཐོ་བཀོད་འབད་དགོ་ཟེར་ཨིནམ་ད་ གཞུང་དབང་ལས་སྡེ་གིས་ ལཱ་གཡོག་གི་ གོ་སྐབས་མངམ་བཟོ་བའི་ཁར་ སྒེར་སྡེ་གིས་འབད་བ་ཅིན་ འོང་འབབ་ལེགས་ཤོམ་ བཟོཝ་མས་ཟེར་ཨིན་པས།
ལས་སྡེའི་ཇོ་བདག་ རིག་འཛིན་རྡོ་རྗེ་གིས་ སླབ་མིའི་ནང་ མ་གཞི་ གཞུང་གིས་ ས་གཏེར་དང་ རྡོ་གཏེར་གྱི་དོན་ལུ་ ལོ་༣༠ གྱི་དོན་ལུ་ ས་ཆ་གླ་ཁར་བྱིན་རུང་ ཆོག་ཐམ་བསྐྱར་གསོ་དེ་ ལོ་༡༠ གྱི་ ནང་འཁོད་འབདཝ་ད་ སྟབས་མི་བདེ་བས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཆོག་ཐམ་ཚུ་ བསྐྱར་གསོ་འབད་བའི་སྐབས་ ཆོག་ཐམ་གསརཔ་ ལེན་དོ་བཟུམ་སྦེ་ར་ འབད་དགོཔ་བྱུང་མི་ལུ་བརྟེན་ རབ་བཏུབ་བྱུང་པ་ཅིན་ ཆོག་ཐམ་བསྐྱར་གསོ་དེ་ཡང་ ལོ་༣༠ འི་རིང་ལུ་ བཞག་པ་ཅིན་ ཕན་རླབས་ཆེ་ནི་མས་ཟེར་ཨིན་པས།
རིག་འཛིན་རྡོ་རྗེ་གིས་ སླབ་མིའི་ནང་ གལ་སྲིད་ རྒྱལ་ཁབ་ཀྱིས་ རང་ལྡང་འགྲུབ་དགོ་པ་ཅིན་ བཅའ་ཁྲིམས་དེ་ སྒེར་སྡེ་ཚུ་གིས་ བཅའ་མར་གཏོགས་ནི་ལུ་ གོ་བསྡམས་བཞག་ནི་ མི་འོང་ཟེར་ཨིནམ་ད་ གནད་དོན་དེ་ལུ་བརྟེན་ རྒྱལ་ཁབ་ནང་ ཁྲལ་དང་ ལཱ་གཡོག་གི་ གོ་སྐབས་བཟོ་མི་ལུ་བརྟེ་ ཁེ་ཕན་བྱུང་ཡོད་ཟེར་ཨིན་པས།
རྒྱལ་ཡོངས་ཚོགས་སྡེ་གིས་ ས་གཏེར་དང་ གཏེར་ཁའི་གནད་དོན་ལུ་ ཞིབ་དཔྱད་འབད་བའི་སྐབས་ མི་དག་པ་ཅིག་ལུ་མ་གཏོགས་ ཕན་ཐོགས་མ་བྱུངམ་ལས་ གཞུང་གིས་ རྒྱལ་ཁབ་ཀྱི་ འོང་འབབ་ལྷན་ཐབས་དང་ ཡོདཔ་དང་མེད་པའི་བར་ནའི་ ཁྱད་པར་བསུབ་ནི་ལུ་ བཅའ་ཁྲིམས་ལེགས་ཤོམ་དགོ་པའི་ མངོན་གསལ་བྱུང་ནུག།
འཇིགས་མེད་ས་གཏེར་ལས་སྡེའི་ ཇོ་བདག་གིས་ སླབ་མིའི་ནང་ གཞུང་གིས་ མ་རྩ་མ་བཙུགས་རུང་ འོང་འབབ་ཐོབ་ཟེར་ཨིནམ་ད་ གཞུང་དབང་ལས་སྡེ་ཚུ་གིས་ འབད་བ་ཅིན་ གྱོང་རྒུད་ཕོགཔ་མས་ཟེར་ཨིན་པས།
ཁོ་གིས་ དཔེ་བཟུམ་ཅིག་སྦེ་ སླབ་མིའི་ནང་ རང་བཞིན་ཐོན་སྐྱེད་ལས་འཛིན་གྱིས་ བཀྲིས་གཡང་རྩེ་དང་ ཀྲོང་གསར་ དེ་ལས་ མོང་སྒར་གྱི་ ལས་འགུལ་གྱི་ འཕྲུལ་ཆས་ཚུ་ རིན་གོང་ལས་ བརྒྱ་ཆ་༥༠ མར་ཕབ་ཐོག་ བཙོང་ནུག་ཟེར་ཨིན་པས།
ལས་འཛིན་གྱིས་ སྒེར་སྡེ་ཚུ་དང་ དོ་འགྲན་འབད་མ་ཚུགས་མི་ལུ་བརྟེན་ འོང་འབབ་བཟོ་ནི་ལུ་ གྱོང་རྒུད་སྦོམ་སྦེ་ར་ ཕོག་ནུག་ཟེར་ཨིནམ་ད་ གཞུང་གི་འགན་ཁུར་དེ་ གཞུང་དབང་ལས་འཛིན་ཚུ་གིས་ གྱོང་རྒུད་ཕོག་མི་ཚུ་ ལྟ་རྟོག་འབད་དགོ་ཟེར་ཨིན་པས།
གལ་སྲིད་ སྒེར་སྡེ་གིས་ བཙུགས་པ་ཅིན་ གཞུང་གིས་ ལས་སྡེ་ཚུ་ལུ་ མ་རྩ་མ་བཙུགས་པར་ འོང་འབབ་བཟོ་ཚུགས་ཟེར་ཨིནམ་ད་ ས་གཏེར་ལས་འཛིན་ལུ་ གཞུང་གིས་ མ་རྩ་ཐེར་འབུམ་ལས་བཅད་དེ་བཙུགས་རུང་ འོང་འབབ་ཚད་ཅིག་ལས་བརྒལ་ ཐོབ་མི་ཚུགས་ཟེར་ཨིན་པས།
དཔྱད་ཡིག་གསརཔ་དེ་གིས་ གཞུང་ལུ་ ས་གཏེར་ལུ་བརྟེན་པའི་ འོང་འབབ་དང་ ཁྱད་ཕན་འོས་ལྡན་སྦེ་ གཞུང་ཁྲལ་ཐོག་ བགོ་བཤའ་ཐོབ་ནིའི་དོན་ལུ་ ལྷན་ཁག་གིས་ ཡར་འཕེལ་ཅན་གྱི་ དངུལ་ལས་ ཐབས་ལམ་ཐོག་ ས་གཏེར་གྱི་ དངུལ་ལས་བདག་སྐྱོང་བཟོ་ནི་དང་ གྲོས་འཆར་བཀོད་ཆོག་ཟེར་ཨིན་པས།
གླར་སྤྱོད་ལེན་མི་གིས་ ལཱ་གཡོག་གི་གོ་སྐབས་དང་ ཅ་ཆས་དང་ཞབས་ཏོག་ཚུ་གི་ མཁོ་སྒྲུབ་དོན་ལུ་ འོས་འབྱོར་ཅན་གྱི་ གནོད་སྐྱོན་བྱུང་མིའི་ མི་སྡེ་ལུ་ གཙོ་རིམ་བྱིན་དགོཔ་ཨིན་པས།
ས་གཏེར་དེ་གིས་ གནོད་པ་བྱུང་མིའི་ མི་སྡེ་ལུ་ ཁེ་ཕན་བགོ་བཀྲམ་གྱི་ཐོག་ལས་ རྒུད་འཐུས་སྤྲོད་དགོ་པའི་ཁར་ གླར་སྤྱོད་ལེན་མི་གིས་ གསོ་བའི་མཐུན་རྐྱེན་ འཁོར་ལམ་ འཐུང་ཆུ་བཀྲམ་སྤེལ་ལ་སོགས་པའི་ གཞི་རྟེན་མཁོ་ཆས་ཚུ་ བཟོ་བྱིན་དགོཔ་ཨིན་པས།
བཅའ་ཁྲིམས་དེ་དང་འཁྲིལ་ཏེ་ གཏེར་ཁ་གླར་སྤྱོད་ བསྐྱར་གསོ་འབད་ནི་དེ་ གཏེར་ཁའི་ཚོད་དཔག་གི་ དུས་ཚོད་རྫོགས་ཚད་ཚུན་ ཡང་ན་ མཐོ་ཤོས་ལོ་ངོ་༣༠ ཚུན་ལས་ ག་ཉུང་མི་འདི་གི་ཐོག་ལུ་ འབད་ཆོག་ནི་ ཨིན་པའི་གནས་ཚུལ།  

ཨོ་རྒྱན་རྡོ་རྗེ།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *