དཔལ་འབྱོར་གྱི་གནས་སྟངས་ལུ་བརྟེན་ དངུལ་ཀྲམ་གྱི་གནས་གོང་ མར་བབས་འགྱོ་དོ་ཡོདཔ།

༉ ཟ་ཁང་དང་ ཟ་སྤྱོད་ཁང་གི་གོང་ཚད་ བརྒྱ་ཆ་༣.༤༣ ཡར་སེང་སོང་མི་ལུ་བརྟེན་ དུས་ཅི་ སྤྱི་ཟླ་དང་པའི་ནང་ སྐྱ་ནམ་གྱི་གོང་ཚད་ ཡར་སེང་སོང་སྟེ་ ཁྱད་པར་སྦོམ་བཟོ་ཡོདཔ་ཨིན་པས།

ཡར་སེང་དེ་ ན་ཧིང་ ཟླཝ་འ་ནེམ་ཅིག་གི་ སྐྱ་ནམ་གྱི་གོང་ཚད་དང་ཕྱདཔ་ད་ བརྒྱ་ཆ་༩.༥༤ ཡར་སེང་སོང་བའི་ རྟགས་མཚན་ཨིནམ་ད་ ཡར་སེང་དེ་ དུས་ཅི་ སྤྱི་ཟླ་དང་པའི་སྔ་ཆའི་ གོང་ཚད་ཚུ་དང་ཕྱདཔ་ད་ བརྒྱ་ཆ་༨.༩༧ གྱི་ རྩིས་མཐོ་སུ་ཨིན་པས།

བཟའ་འཐུང་གི་རིགས་འབད་བ་ཅིན་ ཟ་ཆས་ཀྱི་རིགས་ནང་ ཧེ་མའི་ཟླཝ་ནང་ལས་ བརྒྱ་ཆ་༠.༤༢ ཡར་སེང་སོང་ཡོདཔ་ད་ ན་ཧིང་སྤྱི་ཟླ་༢ པ་དང་ཕྱདཔ་ད་ བརྒྱ་ཆ་༡༦.༩༨ ཡར་སེང་སོང་ནུག།

དེ་བཟུམ་སྦེ་ འདས་པའི་ཟླཝ་ནང་ བཟའ་འཐུང་མེན་པའི་རིགས་ནང་ཡང་ བརྒྱ་ཆ་༠.༨༥ ཡར་སེང་སོང་མི་དེ་ ན་ཧིང་གི་ལོའི་ སྤྱི་ཟླ་༢ པ་དང་ཕྱདཔ་ད་ བརྒྱ་ཆ་༣.༥༩ ཡར་སེང་ཨིན་པས།

དུས་ཅི་ ལོ་འགོ་བཙུགས་པའི་ཤུལ་ལས་ ཟླ་རིམ་གྱི་ གོང་ཚད་ལུ་བལྟ་བ་ཅིན་ བརྒྱ་ཆ་༠.༦༥ རེ་ ཡར་སེང་སོང་ཡོདཔ་ད་ གོང་ཚད་དེ་ ན་ཧིང་ལས་འགོ་བཙུགས་ ཡར་སེང་སོང་ཡོདཔ་ཨིན་པས།

ན་ཧིང་ སྤྱི་ཟླ་༢ པའི་ནང་ ཡར་སེང་བརྒྱ་ཆ་༢.༤༦ འབད་མི་དེ་ སྤྱི་ཟླ་༧ པའི་ནང་ བརྒྱ་ཆ་༧.༥༦ ལུ་ ཡར་སེང་སོང་བའི་ཤུལ་ལས་ སྤྱི་ཟླ་༡༢ པའ་ཚེས་༢༠ ཚུན་ ཡར་སེང་གངམ་མེདཔ་སྦེ་ སྡོད་ནུག།

ཨིན་རུང་ དུས་ཅི་ སྤྱི་ཟླ་དང་པ་ལས་འགོ་བཙུགས་ གོང་ཚད་དེ་ ད་རུང་ ཡར་སེང་འགྱོ་ནི་ འགོ་བཙུགས་མི་དེ་ཡང་ གཙོ་བོ་ར་ ནད་ཡམས་ལུ་བརྟེན་ འགྲོ་འགྲུལ་བཀག་དམ་དང་ གཅིག་ ནང་འཁོད་ལས་ཐོན་མི་ སོ་ནམ་ཐོན་སྐྱེད་ཚུ་གི་གོང་ཚད་ ཚད་འཛིན་མེད་མི་དེ་གིས་ཡང་ཨིན་པས།

ཟླཝ་གི་བར་ན་ དབྱེ་དཔྱད་འབད་བ་ཅིན་ ན་ཧིང་ སྤྱི་ཟླ་༧ པའི་ཚེས་༢༠ ལུ་ བརྒྱ་ཆ་༣.༢༧ ཁྱད་པར་ཐོན་མི་དེ་ མཐོ་ཤོས་ཨིན་པས།

དཔལ་འབྱོར་གྱི་ གོང་ཚད་ཡར་སེང་སོང་མི་དེ་གིས་ དངུལ་ཀྲམ་གྱི་གནས་གོང་ མར་བབས་འགྱོ་བའི་ བརྡ་མཚོན་ཨིནམ་ལས་ འབྲུག་པའི་དངུལ་ཀྲམ་དེ་ཡང་ ན་ཧིང་ སྤྱི་ཟླ་༢ པའི་ཚེས་༢༠ ལས་འགོ་བཙུགས་ མར་བབས་སོང་སྟེ་ཡོདཔ་ཨིན་པས།

འདས་པའི་ལོ་༡ ནང་ དངུལ་ཀྲམ་གྱི་ གནས་གོང་མཐོ་ཤོས་དེ་ ན་ཧིང་ སྤྱི་ཟླ་༢ པའི་ཚེས་༢༠ ལུ་ སྐྱ་ནམ་གྱི་གོང་ཚད་ཡར་སེང་འགྱོ་བའི་སྐབས་ འབྲུག་པའི་དངུལ་ཀྲམ་༡༠༠ འི་ གནས་གོང་དེ་ དངུལ་ཀྲམ་༧༡ ལུ་ལྷོད་མི་དེ་ སྤྱི་ཟླ་༧ པའི་ཚེས་༢༠ ལུ་ དངུལ་ཀྲམ་༦༧ དེ་ཅིག་གི་ གནས་གོང་ལུ་ལྷོད་པའི་ཤུལ་ལས་ ད་རེས་ཡང་ གནས་གོང་དེ་ མར་བབས་འགྱོ་བཞིན་དུ་ ཡོདཔ་ཨིན་པས།

ན་ཧིང་ སྤྱི་ཟླ་༡༡ པའི་ཚེས་༢༠ ལུ་ གནས་གོང་དངུལ་ཀྲམ་༦༦ ལས་འགོ་བཙུགས་ དུས་ཅི་ སྤྱི་ཟླ་༢ པའི་ཚེས་༢༡ ལུ་ དངུལ་ཀྲམ་༦༥ ལུ་ མར་བབས་སོང་མི་དེ་ དངུལ་ཀྲམ་༡ དེ་ཅིག་གི་ ཁྱད་པར་ཨིན་རུང་ དཔལ་འབྱོར་གྱི་ཧོངས་ལས་ལྟཝ་ད་ རྟགས་མཚན་ལེགས་ཤོམ་མེད་མི་དེ་ ཉོ་སྤྱོད་འབད་མི་ཚུ་ལུ་ ཟད་འགྲོ་ལྕི་དྲགས་གནས་པའི་ བརྡ་མཚོན་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *