༉ མ་གཞི་ སོ་ནམ་ལས་སྡེ་ནང་ རྒྱལ་ཁབ་ཀྱི་ ལས་མི་ཕྱེད་ཀ་དེ་ཅིག་ འབྲེལ་འཛིན་འབད་དེ་ཡོད་རུང་ དཔལ་འབྱོར་གོང་འཕེལ་གྱི་དོན་ལུ་ ཉུང་སུ་ཅིག་ལས་བརྒལ་ ལྷན་ཐབས་འབད་ནི་མེདཔ་ཨིན་པས།
འཕྲལ་ཁམས་ཅིག་ཁར་ གསར་བཏོན་འབད་མི་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ ལོ་བསྟར་སྙན་ཞུ་དང་འཁྲིལཝ་ད་ སོ་ནམ་ལས་སྡེ་ནང་ ལཱ་འབད་མི་ མི་རློབས་༡༥༨,༥༡༡ ཡོད་མི་དེ་ སྤྱི་ལོ་༢༠༢༡ ལུ་ ལས་མི་ཡོངས་བསྡོམས་ལས་ བརྒྱ་ཆ་༤༩.༢ ཡོད་མི་དང་ འདྲ་མཉམ་ཨིན་པས།
དེ་འབདཝ་ད་ སོ་ནམ་ལས་སྡེ་གིས་ རྒྱལ་ཁབ་ཀྱི་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལུ་ ལྔ་ཆ་གཅིག་འབདཝ་ད་ བརྒྱ་ཆ་༡༩.༢ འོང་འབབ་འབད་བ་ཅིན་ དངུལ་ཀྲམ་ཐེར་འབུམ་༣༦.༠༤ རྐྱངམ་གཅིག་ ལྷན་ཐབས་འབད་ནུག།
སྤྱི་ལོ་༢༠༢༡ ལུ་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་དེ་ དངུལ་ཀྲམ་ཐེར་འབུམ་༡༨༧.༧༧ ཨིན་པས།
སྤྱི་ལོ་༢༠༡༥ ལུ་ སོ་ནམ་ལས་སྡེ་གིས་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལུ་ ལྷན་ཐབས་བརྒྱ་ཆ་༡༤ འབད་མི་དེ་ སྤྱི་ལོ་༢༠༢༡ ལུ་ བརྒྱ་ཆ་༡༩.༢ ལུ་ ཡར་སེང་སོང་ཡོདཔ་ད་ ལཱ་གཡོག་གི་ གནས་སྟངས་ལུ་ བརྒྱ་ཆ་༥༨ ལྷན་ཐབས་འབད་མི་དེ་ བརྒྱ་ཆ་༤༩.༢ གུ་ མར་འབབ་སོང་ཡོདཔ་སྦེ་བཀོད་ནུག།
མར་བབས་སོང་མི་དེ་ཡང་ སོ་ནམ་ལས་ བཟོ་གྲྭ་འཕྲུལ་ཁང་དང་ ཞབས་ཏོག་ལས་སྡེ་ཚུ་ལུ་ བསྒྱུར་བཅོས་འབད་མི་ལུ་བརྟེན་ཨིནམ་ད་ བཟོ་གྲྭ་འཕྲུལ་ཁང་དང་ ཞབས་ཏོག་ལས་སྡེ་ཚུ་དང་ཕྱདཔ་ད་ ད་རེས་ སོ་ནམ་ལས་སྡེ་ནང་ ལས་མིའི་ཐོན་སྐྱེད་དམའ་སུ་འདུག་ཟེར་བཀོད་ནུག།
སྙན་ཞུ་ནང་ བཀོད་དོ་བཟུམ་འབད་བ་ཅིན་ སོ་ནམ་ལས་སྡེ་ནང་ ཐོན་སྐྱེད་དམའ་སུ་ཡོད་མི་དེ་ གཙོ་བོ་ར་ སྣ་ཚོགས་མེན་མི་དང་ འཕྲུལ་རིགཚུ་ དགོས་མཁོ་དང་བསྟུན་མེད་པའི་ དཀའ་ངལ་འདུག་ཟེར་ཨིན་པས།
ཞབས་ཏོག་ལས་སྡེ་ནང་ དཔལ་འབྱོར་གོང་འཕེལ་ལུ་ ལྷན་ཐབས་སྦོམ་ཤོས་ར་ གློག་མེ་ལས་སྡེ་ཨིན་ཟེར་ སྙན་ཞུ་ནང་ གསལ་བཀོད་འབད་ནུག།
སྙན་ཞུ་དང་འཁྲིལཝ་ད་ སོ་ནམ་ལས་སྡེ་ནང་ འབྲུག་མི་ཚུ་གིས་ བདུན་ཕྲག་རེ་ནང་ དུས་ཡུན་ཆུ་ཚོད་༥༢ ལཱ་འབདཝ་མས་ཟེར་ཨིནམ་ད་ བཟོ་གྲྭ་འཕྲུལ་ཁང་དང་ ཞབས་ཏོག་ལས་སྡེ་ཚུ་ནང་འབད་ཅིན་ དུས་ཡུན་ཆུ་ཚོད་༤༩ འི་རིང་ ལཱ་འབདཝ་ཨིན་པས།
རྒྱལ་སྤྱི་ལས་མིའི་གནས་ཚད་དང་འཁྲིལ་བ་ཅིན་ ལས་མི་ཚུ་གིས་ བདུན་ཕྲག་རེ་ནང་ དུས་ཡུན་ཆུ་ཚོད་༤༠ མ་གཏོགས་ འབད་ནི་མེདཔ་ལས་ འབྲུག་མི་ཚུ་གིས་ དུས་ཡུན་ཆུ་ཚོད་༥༣ གྱི་རིང་ འབད་མི་དེ་ མཐོ་སུ་ཨིནམ་སྦེ་ སྙན་ཞུ་ནང་བཀོད་ནུག།
ཆུ་ཚོད་རེ་གི་ གླ་འཐུས་རྩིས་རྐྱབ་པ་ཅིན་ སྤྱི་ལོ་༢༠༢༠ ལུ་ སོ་ནམ་ལས་སྡེ་ནང་ ལཱ་འབད་མི་ཚུ་གིས་ དུས་ཡུན་ཆུ་ཚོད་རེ་ནང་ དངུལ་ཀྲམ་༨༦ ཐོབ་མི་དེ་ སྤྱི་ལོ་༢༠༢༡ ལུ་ དངུལ་ཀྲམ་༩༡ གུ་ ཡར་འཕར་སོང་མི་དེ་ཡང་ གཞུང་གིས་ ལས་སྣ་དང་ ཐབས་ཤེས་མ་འདྲཝ་བཏོན་ཏེ་ རྒྱབ་སྐྱོར་དང་ གྲོགས་རམ་འབད་མི་ལུ་བརྟེན་ཨིན་ཟེར་བཀོད་ནུག།
ཨིན་རུང་ སོ་ནམ་ལས་སྡེ་ནང་ཐོབ་མི་ གླ་འཐུས་དང་ཕྱདཔ་ད་ སྤྱི་ལོ་༢༠༢༡ ལུ་ ཞབས་ཏོག་ལས་སྡེ་དང་ གློག་མེ་མིན་པའི་ ལས་སྡེ་ནང་ དུས་ཡུན་ཆུ་ཚོད་རེ་ལུ་ དངུལ་ཀྲམ་༢༨༤ དང་༣༡༥ རེ་ཐོབ་ཡོདཔ་སྦེ་ཨིན་པས།
སོ་ནམ་ལས་སྡེ་ལུ་བརྟེན་ འོང་འབབ་ཐོབ་མི་དེ་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་གྱི་ འོང་འབབ་དངུལ་ཀྲམ་༢༢༧,༣༤༦ དེ་ སྤྱི་ལོ་༢༠༢༡ ལུ་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་དངུལ་ཀྲམ་༢༤༨,༣༣༤ ཡོདཔ་ལས་ བརྒྱ་ཆ་༩ མར་བབས་སོང་ནུག་ཟེར་ཨིན་པས།
གློག་མེ་དང་ སྐྱེལ་འདྲེན་ བརྡ་དོན་ དེ་ལས་ དངུལ་འབྲེལ་ཞབས་ཏོག་ཚུ་ནང་ ལས་མི་ཉུང་སུ་ཅིག་ལས་ གོ་སྐབས་སྤྲོད་མ་ཚུགས་རུང་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་གྱི་ འོང་འབབ་ལུ་ འབོར་ཆེ་ཏོག་ཏོ་སྦེ་ ལྷན་ཐབས་འབདཝ་མས་ཟེར་བཀོད་ནུག།
གློག་མེ་ལས་སྡེ་ནང་ ལས་གཡོག་གི་ གོ་སྐབས་བརྒྱ་ཆ་༡.༣ ལས་བརྒལ་ བྱིན་མ་ཚུགས་རུང་ ནང་འཁོད་ཐོན་སྐྱེད་ཀྱི་ འོང་འབབ་ལུ་ ལྷན་ཐབས་བརྒྱ་ཆ་༡༧.༡ འབད་དོ་ཡོདཔ་ད་ སྐྱེལ་འདྲེན་དང་ བརྡ་དོན་ལས་སྡེ་གིས་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་གྱི་ འོང་འབབ་ལུ་ ལྷན་ཐབས་བརྒྱ་ཆ་༩.༨ དང་ དངུལ་འབྲེལ་ལས་སྡེ་གིས་ བརྒྱ་ཆ་༨.༡ ལྷན་ཐབས་འབད་ཡོད་རུང་ ལས་གཡོག་གི་དོན་ལུ་ བརྒྱ་ཆ་༣.༦ དེ་ སྐྱེལ་འདྲེན་དང་བརྡ་དོན་ནང་ གོ་སྐབས་དང་ དངུལ་འབྲེལ་ལས་སྡེ་གིས་ བརྒྱ་ཆ་༡.༥ ལས་བརྒལ་ ལཱ་གཡོག་སྤྲོད་ནི་མེདཔ་ཨིན་པས།
ནང་འཁོད་ཐོན་སྐྱེད་ཡོངས་འབོར་དང་ཕྱདཔ་ད་ བཟོ་སྐྲུན་དང་ ཟ་ཁང་ཚུ་ནང་ ལས་མིའི་གོ་སྐབས་ལེ་ཤ་བྱིན་ནུག་ཟེར་ཨིནམ་ད་ སོ་ནམ་དང་ བཟོ་སྐྲུན་ དེ་ལས་ ཟ་ཁང་ལས་སྡེ་ཚུ་ནང་ ལཱ་གཡོག་གི་ གོ་སྐབས་བྱིན་ནི་དེ་ གཙོ་རིམ་ཅན་ཅིག་ཨིན་ཟེར་ སྙན་ཞུ་ནང་ བཀོད་ཡོད་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།