དཔག་བསམ་ཁ་ དོ་བཞག་ལྟེ་བ་ བཟོ་སྐྲུན་འབད་ནིའི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༡.༧ བཞག་ཡོདཔ།

༉ རྒྱ་གཞུང་གིས་ འཆར་གཞི་༡༢ པའི་ནང་ ཚོང་ལས་རྒྱབ་སྐྱོར་མཐུན་རྐྱེན་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༤ དེ་ཅིག་ རྒྱབ་སྐྱོར་འབད་ནི་ཨིན་མི་ལས་ དངུལ་ཀྲམ་ཐེར་འབུམ་༡.༧ དཔག་བསམ་ཁ་ལུ་ཡོད་མི་ དོ་བཞག་ལྟེ་བ་ བཟོ་སྐྲུན་འབད་ནི་ཨིན་མི་ལུ་ བགོ་བཀྲམ་འབད་ཡོདཔ་ཨིན་པས།
བསྟན་རྒྱས་བློན་པོ་ ལོག་ནཱཐ་ཤར་མ་གིས་ འཕྲལ་ཁམས་ཅིག་ཁར་ ཉིན་གྲངས་གཉིས་ཀྱི་རིང་ ཕུན་ཚོགས་གླིང་ལུ་ ལྟ་སྐོར་འབད་བའི་སྐབས་ གནད་དོན་དེའི་སྐོར་ལས་ བཤད་ཡོདཔ་ཨིན་པས།
བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ སྤྱི་ལོ་༢༠༡༨ ཀྱི་ཟླ་༡༢ པའི་ནང་ རྒྱ་གར་ལུ་ ལྟ་སྐོར་གནང་པའི་སྐབས་ རྒྱ་གར་གཞུང་གིས་ དོ་བཞག་ལྟེ་བ་དེ་ཡང་ རྒྱ་འབྲུག་གི་མཐུན་ལམ་ དམ་ཟབ་བཟོ་སྟེ་ ཚོང་འབྲེལ་དང་དཔལ་འབྱོར་གྱི་ མཐུད་སྦྲེལ་ཡར་དྲག་གཏང་ནི་ལུ་ ཁས་བླངས་འབད་ཡོདཔ་ཨིན་པས།
བསྟན་རྒྱས་བློན་པོ་གིས་ ཀུན་གསལ་ལུ་བཤད་མིའི་ནང་ དཔག་བསམ་ཁ་ལུ་ སྣུམ་འཁོར་རྒྱ་ཆེ་དྲགས་སྦེ་ འགྲུལ་སྐྱོད་འབད་དགོཔ་ལས་ མ་དངུལ་ཡང་ རྒྱ་ཆེ་དྲགས་སྦེ་ར་ བཞག་སྟེ་ཡོད་ཟེར་ཨིནམ་ད་ དཔག་བསམ་ཁ་བཟོ་གྲྭའི་ས་ཁོངས་དེ་ནང་ བཟོ་གྲྭ་ཁང་༤༡ དེ་ཅིག་ ཡོདཔ་ཨིན་པས།
ཕེ་རོ་སི་ལི་ཀཱོན་དེ་ བཟོ་གྲྭའི་ས་ཁོངས་ནང་ལས་ ཉིན་བསྟར་བཞིན་དུ་ ཕྱིར་བཙོང་མཐོ་ཤོས་འབད་དོ་ཡོདཔ་ལས་ དོ་བཞག་ལྟེ་བ་དེ་གིས་ ཚོང་འབྲེལ་དེ་ལུ་ ཕན་ཐོགས་འབྱུང་ཚུགས་ནི་ཨིན་པས།
ལྟེ་བ་དེ་ ཕུན་ཚོགས་གླིང་ལུ་ཡོད་མི་ལས་ གསུམ་ལྟབ་ཀྱིས་ སྦོམ་འོང་ནི་ཨིནམ་ད་ དེ་གི་དོན་ལུ་ ས་ཆ་ཨེ་ཀར་༥ བཞག་སྟེ་ཡོད་ཟེར་ བློན་པོ་གིས་བཤད་ཅི།
ང་བཅས་ཀྱིས་ ལས་འགུལ་དེ་ འགོ་བཙུགས་ནི་ལུ་ བརྒྱ་ཆ་༦༠ ངེས་བདེན་ཨིན་ཟེར་བཤད་པའི་ཁར་ བློན་པོ་གིས་འབད་བ་ཅིན་ གཞུང་གིས་ ལཱ་ཚུ་འབད་བའི་བསྒང་ཡོདཔ་ལས་ འཆར་གཞི་༡༢ པའི་ནང་འཁོད་ལུ་ འགོ་བཙུགས་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
གཞུང་གིས་ དགེ་ལེགས་ཕུག་དང་ ངང་ལམ་ལུ་ཡང་ ལྟེ་བ་དེ་བཟུམ་ གཞི་བཙུགས་འབད་ནིའི་ འཆར་གཞི་ཡོད་ཟེར་ཨིནམ་ད་ དགེ་ལེགས་ཕུག་ལུ་ གནས་སྟངས་ཚུ་ ཞིབ་དཔྱད་འབད་ནི་ཟེར་ཨིན་པས།
ཕུན་ཚོགས་གླིང་ལུ་ ཧེ་མ་ལས་ཡོད་པའི་ཁར་ ལྟེ་བ་བཟོ་ནི་དེ་ ལྷོ་ཨེ་ཤི་ཡཱན་ལུང་ཕྱོགས་དཔལ་འབྱོར་མཉམ་འབྲེལ་ལས་འགུལ་གྱི་ ཆ་ཤས་ཅིག་ཨིན་པས།
ས་ཆ་ཨེ་ཀར་༥.༤ ནང་ རྐྱབ་སྟེ་ཡོད་མི་ལྟེ་བ་དེ་ ཕུན་ཚོགས་གླིང་གི་ ཞིབ་དཔྱད་སྒོ་ར་༢ པའི་ཉེ་འདབས་ལུ་ཡོདཔ་ད་ དེ་ནང་ སྣུམ་འཁོར་ཊཱག་༤༥ འི་ ཤོང་ཚད་ཡོདཔ་ཨིན་པས།
ས་ཁོངས་དེ་ནང་ ནང་འདྲེན་དང་ ཕྱིར་བཙོང་གི་དོན་ལུ་ ཅ་དམ་གྱི་ཉོགས་མེད་དང་འབྲེལ་བའི་ ཡི་གུ་ལེན་ས་ཡོདཔ་ཨིན་རུང་ ཕུན་ཚོགས་གླིང་ལུ་ཡོད་མི་ ཅ་ནམ་ཡིག་ཚང་ནང་ ལྗིད་ཚད་འཇལ་ནི་དང་ དོ་བཞག་ས་ཚུ་མེད་པའི་ཁར་ ཉེན་ཁ་ཅན་གྱི་ ཅ་ཆས་ཚུ་བཞག་ས་ཡང་ མེདཔ་ཨིན་པས།
ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་གིས་ ལས་འགུལ་གྱི་ཟད་འགྲོ་ལས་ བརྒྱ་ཆ་༨༡ རྒྱབ་སྐྱོར་འབད་ཡོདཔ་ད་ ལྷག་ལུས་ཚུ་ གཞུང་གིས་བཏང་ཡོདཔ་ཨིན་པས།
བསྡོམས་ཀྱིས་ ས་ཁོངས་དེ་གི་དོན་ལུ་ དངུལ་ཀྲམ་ས་ཡ་༡༣༤.༨༥ ཟད་འགྲོ་བཏང་ཡོདཔ་ད་ ས་ཁོངས་དེ་ དུས་ཅི་ སྤྱི་ཟླ་དང་པའི་ནང་ལས་ བཟོ་ཚར་ཡོད་རུང་ ད་ལྟོ་ཡང་ ལག་ལེན་འགོ་མ་བཙུགས་པར་ ཡོདཔ་ཨིན་པས།
ཕུན་ཚོགས་གླིང་ལུ་ཡོད་མི་ ས་ཁོངས་དེ་ནང་ འཕྲལ་འཕྲལ་སྐབས་ར་ སྣུམ་འཁོར་ཚུ་སྤུངས་ནི་དེ་གིས་ ཁྲོམ་སྡེ་ནང་ སྣུམ་འཁོར་རྒྱུན་འགྲུལ་དང་འབྲེལ་བའི་ གདོང་ལེན་ཐོན་ཏེ་ཡོདཔ་ཨིན་པས།
བློན་པོ་གིས་ ས་ཁོངས་དེ་ནང་ ལས་སྡེ་ལེ་ཤ་འབྲེལ་བ་ཡོདཔ་ལས་ ག་གིས་ ལག་ལེན་འཐབ་ནི་ཨིན་ན་ གཏན་འཁེལ་འབད་མ་ཚུགསཔ་ལས་ ལག་ལེན་འཐབ་མ་ཚུགས་ཟེར་ཨིན་པས།
ལས་འགུལ་དེ་ ཁྲོམ་སྡེའི་འོག་ལུ་ཨིན་རུང་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་གིས་ ལྟེ་བ་དེ་ བསྟན་རྒྱས་ལས་ཁུངས་ལུ་ རྩིས་སྤྲོད་འབད་ཡོདཔ་ལས་ ཡིག་ཆ་ཚུ་ གྲ་སྒྲིག་འབད་ནིའི་དོན་ལུ་ དུས་ཚོད་འགོར་ནུག་ཟེར་ བློན་པོ་གིས་ བཤད་ཡོདཔ་ཨིན་པས།
བློན་པོ་གིས་ སླབ་མིའི་ནང་ ཁྲོམ་སྡེ་གིས་ ལག་ལེན་འཐབ་ནི་ལུ་ འོས་ལྡན་འདུག་ཟེར་ཨིནམ་ལས་ བཀོད་རྒྱ་བྱིན་ཡོདཔ་བཞིན་དུ་ ཁྲོམ་སྡེ་གིས་ཡང་ ངོས་ལེན་འབད་ཡོདཔ་ལས་ དུས་ཚོད་མི་འགོར་དོ་འོང་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

About admin

Check Also

གསར་སྤང་ཊཱར་ལུ་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཆོག་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གསར་སྤང་ཊཱར་གྱི་ ས་གནས་གོང་འཕེལ་ས་ཁོངས་ནང་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཚུགས་ཟེར་ཨིན་པས། ད་རེས་ …

Leave a Reply

Your email address will not be published. Required fields are marked *