༉ ལྷ་མོའི་རྫིང་ཁ་དྲུང་ཁག་ཁྲིམས་འདུན་གྱིས་ སྤྱི་ཟླ་༣ པའི་ནང་ དྲུང་ཁག་རྩིས་འཛིན་ལས་རོགསཔ་ སེངྒེ་རྡོ་རྗེ་ལུ་ དར་དཀར་ནང་གི་ རྒེད་འོག་༣ གྱི་ རྒེད་འོག་གོང་འཕེལ་མ་དངུལ་ཚུ་ རྫུས་བཟོ་དང་ ཧམ་སྤྱོད་འབད་མི་ལུ་བརྟེན་ བཙོན་ཁྲིམས་ལོ་༢ དང་ཟླ་༦ བཀལ་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ལོ་༢༠༡༨ ལུ་ ནི་ཅུ་ལ་རྒེད་འོག་བདག་སྐྱོང་གིས་ རྒེད་འོག་གི་ དངུལ་ཁང་རྩིས་ཁྲ་ནང་ དུས་ཐོག་ལུ་ དངུལ་བཙུགས་མ་བཏུབ་པའི་ ཤེས་རྟོགས་བྱུང་བའི་ཤུལ་ལས་ དྲུང་ཁག་བདག་སྐྱོང་གིས་ རྫོང་ཁག་བདག་སྐྱོང་དང་མཉམ་འབྲེལ་ཐོག་ལས་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
དེ་ལས་ སྤྱི་ལོ་༢༠༡༨ ཟླ་༩ པའི་ནང་ རྩིས་འཛིན་ལས་རོགསཔ་དེ་ འཛིན་བཟུང་འབད་ཡོདཔ་བཞིན་དུ་ ཟླཝ་༡ གི་ཤུལ་ལས་ དྲུང་ཁག་ཁྲིམས་འདུན་ལུ་ བཏང་ཡོདཔ་ཨིན་པས།
རྩི་རང་རྫོང་ཁག་རྩིས་ཞིབ་དབང་འཛིན་གྱིས་ རྒེད་འོག་༣ གྱི་རྩིས་ཞིབ་ཚུ་ མཇུག་བསྡུཝ་ད་ ཉེས་འཛུགས་ཅན་གྱིས་ ཡིག་ཆ་རྫུས་བཟོའི་ཐོག་ལས་ གནད་ཁུངས་བཀལ་ཡོད་པའི་ ཤེས་རྟོགས་བྱུང་ཡོདཔ་ཨིན་པས།
ཉེས་འཛུགས་ཅན་གྱིས་ དངུལ་སྤྲོད་རྩིས་ཤོག་ཚུ་ ཆ་མེད་བཏང་པའི་ཁར་ ཡིག་ཆ་རྫུས་བཟོ་འབད་ནུག་ཟེར་ ངན་ལྷད་བཀག་སྡམ་ལྷན་ཚོགས་ཀྱིས་ སྙན་ཞུ་ནང་བཀོད་ཡོདཔ་བཞིན་དུ་ ཁྲིམས་སྲུང་འགག་སྡེ་གིས་ ཞིབ་དཔྱད་འབད་བའི་ཤུལ་ལས་ སྤྱི་ལོ་༢༠༡༩ ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ བཏང་ཡོདཔ་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་དང་འཁྲིལཝ་ད་ སེངྒེ་རྡོ་རྗེ་གིས་ ནི་ཅུ་ལ་རྒེད་འོག་དང་ ཀརྨ་གླིང་ དེ་ལས་ ལྷ་མོ་རྫིང་ཁའི་ ས་གནས་གཞུང་གི་འགོ་དཔོན་ཚུ་གི་ ས་ཡིག་ཚུ་ རྫུས་མ་བཟོ་སྟེ་ དངུལ་ཧམ་སྤྱོད་དང་ ལོ་༣ ནང་ དངུལ་ཀྲམ་༦༧༨,༡༦༨ དེ་ཅིག་ རྫུས་བཟོའི་ཐོབ་བརྗོད་བཀོད་ནུག་ཟེར་ ཨིན་པས།
སྤྱི་ལོ་༢༠༡༦ ལུ་ ཁོ་གི་འགོ་དཔོན་ཅིག་ དགོངས་ཞུ་འབད་བའི་ཤུལ་ལས་ རྒེད་འོག་གོང་འཕེལ་ལས་སྣའི་ དངུལ་དེབ་ཚུ་ སེངྒེ་རྡོ་རྗེ་གིས་ རྩིས་ལེན་ཡོདཔ་ལས་ རྒེད་འོག་༣ གྱི་ རྩིས་འཛིན་པ་སྦེ་ ལཱ་འབད་ནུག་ཟེར་ སྙན་ཞུའི་ནང་ གསལ་སྟོན་འབད་ཡོདཔ་ཨིན་པས།
ཉེས་འཛུགས་ཅན་གྱིས་ རྒེད་འོག་གི་ རྒཔོ་ཚུ་དང་ བདག་སྐྱོང་འགོ་དཔོན་ཚུ་གི་ ཐིའུ་དང་ རྒེད་འོག་དངུལ་འཛིན་དེབ་ཚུ་ གོ་སྐབས་ལེན་ཞིནམ་ལས་ ཚུལ་མིན་ཐོག་ལས་ མ་དངུལ་སྤྱོད་ཡོདཔ་ད་ དེ་ཡང་ ཁོ་གིས་ ཤེས་བཞིན་མཐོང་བཞིན་དུ་ ཚུན་མིན་སྤྱོད་པའི་ཁར་ ཡིག་ཆ་རྫུས་བཟོའི་ཐོག་ལས་ ཐོབ་བརྗོད་བཀོད་ཡོདཔ་ཨིན་པས།
ས་གནས་གཞུང་གི་ བཅའ་ཁྲིམས་དང་འཁྲིལཝ་ད་ དངུལ་འཛིན་དེབ་ནང་ ས་ཡིག་རྐྱབ་ནིའི་དབང་ཚད་དང་ ཡང་ཅན་ ཐོབ་དབང་དེ་ རྒཔོ་དང་ རྒེད་འོག་བདག་སྐྱོང་གི་ འགོ་དཔོན་ཚུ་ལུ་ཡང་ དབང་ཚད་བྱིན་ནུག་ཟེར་ཨིནམ་ད་ གལ་སྲིད་ རྒཔོ་དང་ བདག་སྐྱོང་འགོ་དཔོན་ཚུ་མེད་པ་ཅིན་ དངུལ་ཁང་འཛིན་སྐྱོང་པ་ལུ་ ཡིག་ཐོག་ལུ་ སྤྲོད་དགོཔ་ཨིན་ཟེར་ཨིན་པས།
ཁྲིམས་འདུན་གྱི་ བཀའ་རྒྱ་དང་འཁྲིལ་བ་ཅིན་ ཤིང་བཟོཔ་ཌི་པག་ཀུ་མར་ མི་རྩིས་ལས་རོགསཔ་ མཁའ་འགྲོ་དབང་མོ་ལུ་ ཉེས་འཛུགས་བཀོད་མི་དེ་ཡང་ འགྲོ་འགྲུལ་གྱི་འཐུས་ རྫུས་མ་ཐོབ་བརྗོད་བཀོད་མི་ལུ་བརྟེན་ཨིནམ་ལས་ ཐོབ་བརྗོད་ལོག་ལྟབ་སྦེ་ གཞུང་ལུ་བཏབ་དགོཔ་སྦེ་ཨིན་པས།
སྤྱི་ལོ་༢༠༢༡ ཟླ་༣ པའི་ནང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
ཁྲིམས་འདུན་ལས་བཏོན་མི་འཁྲུན་ཆོད་ལུ་ ཁེ་རྒུད་མ་བཏུབ་སྦེ་ ཉེས་འཛུགས་ཅན་ག་གིས་ཡང་ མཐོ་གཏུགས་མ་འབད་བའི་གནས་ཚུལ།
སྐད་སྒྱུར་ བཀྲིས་ཕུན་ཚོགས།