དངུལ་རྩིས་ལྷན་ཁག་གིས་ མཁོ་སྒྲུབ་ཀྱི་ སྔོན་བྱིན་མ་དངུལ་ བརྒྱ་ཆ་༡༠ ལས་༢༠ ལུ་ཡར་སེང་།

༉ ལྷན་རྒྱས་གཞུང་ཚོགས་ཀྱི་ བཀོད་རྒྱ་དང་འཁྲིལ་ཏེ་ ཁག་འབགཔ་ཚུ་གིས་ བཟོ་སྐྲུན་གྱི་ ཅ་ཆས་ཚུ་ མཁོ་སྒྲུབ་འབད་ནིའི་དོན་ལུ་ སྔོན་བྱིན་མ་དངུལ་ བརྒྱ་ཆ་༡༠ ལས་༢༠ ལུ་ ཡར་སེང་འབད་བའི་སྐོར་ལས་ དངུལ་རྩིས་ལྷན་ཁག་གིས་ གསལ་བསྒྲགས་འབད་ནུག།

ཁག་འབགཔ་ཚུ་ལུ་ ཅ་ཆས་ཚུ་ མཁོ་སྒྲུབ་འབད་ནི་གི་ མ་དངུལ་དེ་ཡང་ ཁག་འབག་གི་ལཱ་དང་ དགོས་མཁོ་ལས་དོན་གྱི་ ཉེན་སྲུང་མ་དངུལ་དང་འབྲེལ་བའི་ གན་ཡིག་གུ་ མིང་རྟགས་བཀོད་ཐོག་ལས་ བྱིན་ནི་ཨིནམ་ད་ ལག་ལེན་དེ་ཡང་ སྤྱི་ཟླ་༣ པའི་ཚེས་༢༣ ལས་ འགོ་བཙུགས་ཡོདཔ་ཨིན་པས།

དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་གིས་ སླབ་མིའི་ནང་ ད་རེས་ ཁག་འབགཔ་ཚུ་ལུ་ མ་དངུལ་མེད་པའི་ གདོང་ལེན་བྱུང་ཡོདཔ་ལས་ སྔོན་བྱིན་མ་དངུལ་ ཡར་སེང་འབད་མི་གིས་ ཅ་ཆས་ཚུ་ མཁོ་སྒྲུབ་འབད་ནི་ལུ་ ཁེ་ཕན་འབྱུང་འོང་ཟེར་ཨིན་པས།

ཧེ་མ་འབད་བ་ཅིན་ ཁག་འབགཔ་ཚུ་གིས་ ཅ་ཆས་མཁོ་སྒྲུབ་འབདཝ་ད་ ཏི་རུ་ལག་སྤྲོད་མེད་པར་ ཤུལ་ལས་ སྤྲོད་ནི་སྦེ་ འབག་འོང་དོ་ཡོད་རུང་ ད་རེས་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ མཁོ་སྒྲུབ་འབད་མ་ཚུགས་པའི་ དཀའ་ངལ་འདུག་ཟེར་ དངུལ་རྩིས་བློན་པོ་གིས་ བཤད་པའི་ཁར་ སྔོན་བྱིན་ཡར་སེང་འབད་མི་དེ་གིས་ དཔལ་འབྱོར་ལུ་ དངུལ་འབབ་ཡར་སེང་འགྱོ་འོང་ཟེར་ བཤདཔ་ཨིན་པས།

སྔོན་བྱིན་དེ་ ཁག་འབགཔ་ཆེ་ཆུང་ག་ར་ལུ་ ངོས་ལེན་འབད་ནི་ཨིན་པས།

ཨིན་རུང་ དངུལ་རྩིས་ལྷན་ཁག་གི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ཁག་འབགཔ་ཚུ་ལུ་ ངོས་ལེན་ཡོད་པའི་ དངུལ་འབྲེལ་ཁང་ཅིག་ལས་ འགན་ལེན་དགོ་པའི་ཁར་ དགོས་མཁོ་ལྡན་པའི་ སྔོན་བྱིན་མ་དངུལ་དགོ་ནིའི་དོན་ལུ་ མཁོ་སྒྲུབ་འབད་མི་ ལས་སྡེ་ཚུ་གིས་ ངོས་ལེན་འབད་དགོ་ཟེར་ཨིན་པས།

འགན་ལེན་དེ་ སྔོན་བྱིན་མ་ཚང་ཚུན་ ཆ་གནས་འབད་དགོཔ་བཞིན་དུ་ ཁག་འབགཔ་ཚུ་གིས་ སྔོན་བྱིན་མ་དངུལ་དེ་ ལཱ་འགོ་བཙུགས་ནིའི་དོན་ལུ་ ཅ་ཆས་མཁོ་སྒྲུབ་འབད་ནི་རྐྱངམ་གཅིག་ ལག་ལེན་འཐབ་དགོཔ་ཨིན་པས།

སྔོན་བྱིན་གྱི་མ་དངུལ་ ལོག་སྤྱོད་འབད་ནི་ བཀག་ཐབས་ལུ་ ཁག་འབགཔ་ཚུ་གིས་ ལས་འགུལ་འཛིན་སྐྱོང་པ་ལུ་ མ་དངུལ་ལག་ལེན་འཐབ་ཡོད་པའི་འཛིན་ཤོག་ ཡང་ཅིན་ ཡིག་ཆ་གཞན་གྱི་འདྲ་ཚུ་ བཏོན་དགོཔ་ཨིན་པས།

ཁག་འབགཔ་ཅིག་གིས་ སླབ་མིའི་ནང་ སྔོན་བྱིན་མ་དངུལ་ ཡར་སེང་འབད་མི་ལུ་ ཁེ་ཕན་ཡོད་རུང་ བསྟར་སྤྱོད་དེ་ སྤྱི་ཟླ་༣ པའི་ཚེས་༢༣ ལས་རྐྱངམ་གཅིག་འབདཝ་ལས་ ཧེ་མ་ལས་ ཀོ་བིཌ་-༡༩ ལུ་བརྟེན་ གནོད་སྐྱོན་བྱུང་མི་ལུ་ ཁྱད་པར་སྦོམ་ཅིག་མིན་འདུག་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ཧེ་མ་ལས་ ནད་ཡམས་དེ་གིས་ བར་ཆད་རྐྱབ་མི་ལུ་ཡང་ ངོས་ལེན་འབད་བ་ཅིན་ ལྷན་ཐབས་སྦོམ་འབྱུང་ནི་ཟེར་ཨིན་པས།

ཁག་འབགཔ་ཚུ་གིས་ བཤད་མིའི་ནང་ གཞུང་གིས་ དེ་བཟུམ་ཐག་བཅོད་མི་དེ་ དུས་ཐོག་ལུ་ཨིན་པའི་ཁར་ བཟོ་སྐྲུན་དེ་ ལཱ་གཡོག་བྱིན་མི་ ལས་སྡེ་སྦོམ་ཤོས་ཅིག་འབདཝ་ལས་ ལམ་ལུགས་དེ་གིས་ ལཱ་གཡོག་མངམ་ བཟོ་ནི་ལུ་ ཁེ་ཕན་འབྱུང་ཚུགས་ཟེར་ཨིན་པས།

སྔོན་བྱིན་མ་དངུལ་དེ་གིས་ ཁག་འབགཔ་ཆེ་བ་ཚུ་ལུ་ ཁྱད་པར་དེ་ཅིག་ བཟོ་མ་ཚུགས་རུང་ མ་དངུལ་མེད་མི་ལུ་བརྟེན་ ཅ་ཆས་མཁོ་སྒྲུབ་འབད་ཚུགས་མི་ ཁག་འབགཔ་ཆུང་བ་ཚུ་ལུ་ ལྷན་ཐབས་འབྱུང་ནི་མས་ཟེར་ ཁག་འབགཔ་ཅིག་གིས་ བཤདཔ་ཨིན་པས།

སྤྱི་ལོ་༢༠༢༠ ཟླ་༧ པ་ལས་༡༢ པའི་ རྩིས་ལོ་ཕྱེད་ཀ་ནང་ གསར་སྒྲུབ་ཟད་འགྲོ་ དངུལ་ཀྲམ་ཐེར་འབུམ་༦.༡༧༦ བཏང་མི་དེ་ གསར་སྒྲུབ་ཡོངས་བསྡོམས་ཀྱི་ འཆར་དངུལ་ལས་ བརྒྱ་ཆ་༡༦ དེ་ཅིག་ཨིན་པས།

དེ་འབདཝ་ལས་ རྩིས་ལོ་༢ པ་ འགོ་བཙུགས་པའི་སྐབས་ གསར་སྒྲུབ་མ་དངུལ་ བརྒྱ་ཆ་༨༤ དེ་ཅིག་ ལག་ལེན་མ་འཐབ་པར་ ལུས་ཡོདཔ་ཨིན་པས།

ལྷན་ཁག་གིས་ འཕྲལ་ཁམས་ཅིག་ཁར་ གསལ་བསྒྲགས་འབད་མི་དང་འཁྲིལཝ་ད་ མཁོ་སྒྲུབ་དང་ ཁག་འབགཔ་ལས་སྡེ་ཚུ་གིས་ ལས་འགུལ་མཇུག་བསྡུ་ནིའི་ ཚེ་གྲངས་ཕར་འགྱངས་འབད་བཅུག་པ་ཅིན་ གཞུང་གི་གསར་སྒྲུབ་འཆར་དངུལ་ ལག་ལེན་འཆར་གཞི་དང་ ད་ལྟོའི་རྒྱུན་སྐྱོང་དམིགས་གཏད་ལུ་ ཐོ་ཕོག་ཉེན་ཡོདཔ་ཨིན་པས།

ཨིན་རུང་ ཀོ་བིཌ་-༡༩ ལུ་བརྟེན་ འཆར་དངུལ་ལག་ལེན་འཆར་གཞི་ནང་ གནོད་སྐྱོན་བྱུང་མིའི་ཐད་ འདས་པའི་དྲི་བ་དྲི་ས་ལན་སྐབས་ དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་གིས་ སླབ་མིའི་ནང གཞུང་གིས་ ཁག་འབགཔ་ཚུ་གིས་ ཚར་གཅིག་གུ་ ལཱ་ཁག་༥ འབད་ཆོགཔ་ བཟོ་ནིའི་དོན་ལས་ བཟོ་སྐྲུན་གོང་འཕེལ་བཀོད་ཚོགས་བཅའ་ཡིག་ བསྒྱུར་བཅོས་ཀྱི་ ལཱ་འབད་དོ་ཟེར་ཨིན་པས།

བཅའ་ཡིག་འཕྲི་སྣོན་འབད་མི་གིས་ དུས་ཚོད་ཐུང་ཀུ་ནང་ གཞུང་གིས་ ལས་འགུལ་ལེ་ཤ་ཅིག་ འབད་ཚུགས་ནི་ཨིནམ་ད་ ཁག་འབགཔ་ལ་ལོ་ཅིག་ ཚར་ཅིག་གུ་ ལཱ་ཁག་༥ ལྷག་པའི་ ལཱ་འབད་ཚུགས་པའི་ ལྕོགས་གྲུབ་ཡོདཔ་བཞིན་དུ་ བཅའ་ཡིག་བསྒྱུར་བཅོས་འབད་མི་ཚུ་གིས་ ཁག་འབགཔ་དང་ གཞུང་༢ ཆ་ར་ ཁེ་ཕན་སྦོམ་ཡོད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *