དངུལ་རྩིས་འགོ་འཛིན་གྱིས་ བཙོན་ཁྲིམས་ལོ་༦ ཕོག་མི་ལུ་ མཐོ་གཏུགས་འབད་ཡོདཔ།

རྩིས་འཛིན་ལས་རོགསཔ་གིས་ ཏི་རུ་ལེན་ལེནམ་མེདཔ་ལས་ མོ་ལུ་ ཉེས་མེད་ཀྱི་ འཁྲུན་ཆོད་གནང་ནུག།

༉ པདྨ་དགའ་ཚལ་ངང་ལམ་ལུ་ གདུང་བསམ་རྩི་ས་ལས་འཛིན་གྱི་ དངུལ་རྩིས་འགོ་འཛིན་བགྲེསཔ་ འཇིག་མེད་ཚེ་དབང་གིས་ དྲུང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ ཁེ་རྒུད་མ་བཏུབ་པར་ སྤྱི་ཟླ་༡༠ པའི་ཚེས་༡༡ ལུ་ རྫོང་ཁག་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ནི་སྦེ་ ཞུ་ཡིག་བཙུགས་ནུག།
རྩོད་ཟླ་འཇིགས་མེད་ཚེ་དབང་ལུ་ བསམ་པ་མ་རྫོགས་མི་དེ་ཡང་ ཐོག་མའི་ཁྲིམས་འདུན་གྱིས་ སྤྱི་ཟླ་༩ པའི་ཚེས་༢༨ ལུ་ བཙོན་འཐུས་བཏབ་མ་ཆོག་པའི་ བཙོན་ཁྲིམས་ལོ་༦ དང་ གཡོ་སྒྱུའི་ཐོག་ལས་ དངུལ་ཀྲམ་ས་ཡ་༧.༣ ལོག་སྤྱོད་འབད་མི་དེ་ ཚོང་སྡེ་ལུ་ ལོག་བཙུགས་དགོ་པའི་ འཁྲུན་ཆོད་གནང་མི་ལུ་བརྟེན་ཨིན་པས།
རྩོད་ཟླ་དེ་ འཁྲུན་ཆོད་གནང་པའི་ཤུལ་ལས་ བཙོན་ཁང་ནང་ བཏང་ཡོདཔ་ད་ ཁོ་གིས་ མཐོ་གཏུགས་ཀྱི་ ཞུ་ཡིག་འབྲི་ཤོག་དེ་ རེས་གཟའ་ལྷག་པ་ལུ་ བཙུགས་ཡོདཔ་ལས་ དྲུང་ཁག་ཁྲིམས་འདུན་གྱིས་ ཉིནམ་༡ དང་༢ ཀྱི་རྒྱབ་ལས་ པདྨ་དགའ་ཚལ་རྫོང་ཁག་ནང་ བསྐྱལ་གཏང་འོང་ཟེར་ འགོ་དཔོན་ཅིག་གིས་ བཤདཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ རྩོད་ཟླ་འཇིགས་མེད་ཚེ་དབང་ལུ་ དམངས་དངུལ་ལྐོག་ཟ་དང་ གནོད་འགེལ་ནང་ འབྲེལ་གཏོགས་འབད་བའི་ ཉེས་འཛུགས་ཚུ་ བཀལ་ཡོདཔ་མ་ཚད་ ཁོ་གི་ གསོག་འཇོག་རྩིས་དེབ་ནང་ དངུལ་ཀྲམ་ས་ཡ་༢.༥༨༧ བཙུགས་ཡོད་མི་ལུ་ བདེན་ཁུངས་སྐྱེལ་མ་ཚུགསཔ་ལས་ འབྱུང་ཁུངས་དང་ ཆ་ཚད་མ་མཉམ་པའི་ རྒྱུ་ནོར་འཆང་སྤྱོད་འབད་བའི་ ཉེས་འཛུགས་བཀལ་ནུག།
རྩོད་དཔོན་གྱིས་ ཁྲིམས་འདུན་ལུ་ འཇིགས་མེད་ཚེ་དབང་ལས་ ལྐོག་ཟ་འབད་མི་ དངུལ་ཀྲམ་ས་ཡ་༤.༢༢༦ ལྷགཔ་ཅིག་ སོར་ཆུད་འབད་བཅུག་དགོཔ་སྦེ་ ཞུ་བ་ཕུལ་ཡོད་རུང་ ཁྲིམས་འདུན་གྱིས་ ཞིབ་བཤེར་གནངམ་ད་ ལས་འཛིན་ལུ་ སོར་ཆུད་འབད་དགོ་པའི་ དངུལ་འབོར་ཡར་སེང་སོང་ཡི་ཟེར་ ཁྲིམས་འདུན་འགོ་དཔོན་ཅིག་གིས་ བཤདཔ་ཨིན་པས།
དེ་ཡང་ རྩོད་ཟླ་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ དངུལ་ཀྲམ་ས་ཡ་༣.༠༣༠ ལས་འཛིན་གྱི་ རྩིས་འཛིན་ལས་རོགསཔ་ ཡེ་ཤེས་བཟང་མོ་ལུ་ སྤྲོད་ཡོདཔ་སྦེ་ སླབ་ཡོདཔ་མ་གཏོགས་ དངུལ་སྤྲོད་ཡོད་པའི་ སྒྲུབ་བྱེད་ག་ནི་ཡང་མིན་འདུག་ཟེར་ཨིན་པས།
འདི་འབདཝ་ལས་ རྩོད་ཟླ་དེ་ དངུལ་རྩིས་འགོ་འཛིན་ཨིནམ་ལས་ རང་གི་ལས་བྱེདཔ་ལུ་ ཧད་འཕུལ་ནི་མེན་པར་ ཏི་རུ་ལོག་བཙུགས་ནི་གི་འགན་འཁྲི་ ཁོ་ལུ་ ཕོགཔ་ཨིན་ཟེར་ འཁྲུན་ཆོད་ནང་ བཀོད་ཡོདཔ་ཨིན་པས།
དེ་དང་གཅིག་ཁར་ ཁྲིམས་འདུན་གྱིས་ ཡེ་ཤེས་བཟང་མོ་ལུ་ ཉེས་པ་མེད་པའི་ འཁྲུན་ཆོད་གནང་ཡོདཔ་ད་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེས་འབྲེལ་བ་ ཡེ་ཤེས་བཟང་མོ་ལུ་ མ་དངུལ་ལྐོག་ཟ་དང་ གནོད་འགེལ་ནང་ གྲལ་གཏོགས་འབད་བའི་ ཉེས་འཛུགས་བཀལ་ཡོདཔ་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ལས་འཛིན་དེ་གི་ རྩིས་འཛིན་དང་ མཛོད་ཁང་ནང་ ལཱ་འབད་མི་ ལས་གཡོགཔ་གཞན་༤ ལུ་ཡང་ ཐོབ་བརྗོད་རྫུས་མ་བཀོད་དེ་ དངུལ་ཀྲམ་ས་ཡ་༡.༣༥ དེ་ཅིག་ ལྐོག་ཟ་འབད་བའི་ ཉེས་འཛུགས་བཀལ་དགོཔ་སྦེ་ གྲོས་འདེབས་བཀོད་ཡོད་རུང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ བསྐྱར་ཞིབ་འབདཝ་ད་ མ་དངུལ་ལོག་སྤྱོད་འབད་བའི་ སྒྲུབ་བྱེད་མེད་མི་ལུ་བརྟེན་ ཉེས་འཛུགས་མ་འབད་བར་ བཤོལ་བཞག་ཡོདཔ་ཨིན་པས།
རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ གདུང་བསམ་རྩི་ས་ལས་འཛིན་ནང་ དམིགས་བསལ་གྱི་ རྩིས་ཞིབ་འབད་དེ་ སྤྱི་ལོ་༢༠༡༥ ཟླ་༦ པའི་ཚེས་༢༥ ལུ་ ལྷན་ཚོགས་ལུ་ ཞིབ་དཔྱད་ལྷག་པར་དུ་ རྐྱབ་དགོ་པའི་ གྲོས་འདེབས་བཀོད་མི་དང་འཁྲིལ་ ལྷན་ཚོགས་ཀྱིས་ སྤྱི་ལོ་༢༠༡༠ ཟླ་༡ པའི་ཚེས་༡ ལས་ སྤྱི་ལོ་༢༠༡༤ ཟླ་༡༢ པའི་ཚེས་༣༡ གི་བར་ནའི་ དངུལ་འབྲེལ་ལག་ལེན་ཚུ་ལུ་ ཞིབ་དཔྱད་རྐྱབ་ཡོདཔ་ཨིན་པས།
ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབདཝ་ད་ ལས་འཛིན་གྱི་ ལས་གཡོགཔ་༧ གྱིས་ ས་ཁོངས་ཉེ་འདབས་ཀྱི་ ནང་འཁོད་ལུ་ ལཱ་འབད་མི་ སྒེར་མི་དང་ བཀྲམ་སྤེལ་བ་༤ དང་ མགུ་མཐུད་དེ་ དུས་ཡུན་ལོ་ངོ་༤ གི་ནང་ ལས་འཛིན་ལས་ གཡོ་སྒྱུའི་ཐོག་ལས་ ཐོབ་བརྗོད་རྫུས་མ་བཀོད་དེ་ དངུལ་ཀྲམ་བསྡོམས་ས་ཡ་༢༡.༧༥༨ ལྷགཔ་ཅིག་ ལོག་སྤྱོད་འབད་ཡོད་པའི་ སྒྲུབ་བྱེད་ཐོབ་ནུག།
དེ་མ་ཚད་ རྩི་ས་ལས་འཛིན་གྱི་ དངུལ་རྩིས་དང་ མཛོད་ཁང་གི་ལས་བྱེདཔ་ ཞིབ་དཔྱད་སྒོ་རའི་ ཅ་དམ་ལས་བྱེདཔ་ དེ་ལས་ ཚོང་པ་ཚུ་གི་བར་ན་ མཉམ་འབྲེལ་ཐོག་ལས་ ངན་ལྷད་འཐབ་ཡོད་པའི་ མངོན་གསལ་བྱུང་པའི་ཁར་ འཛིན་སྐྱོང་དང་ ལྟ་རྟོག་ལམ་ལུགས་སྒྲིང་སྒྲིང་མེད་མི་ལུ་བརྟེན་ ལས་བྱེདཔ་ཚུ་གིས་ ཡིག་ཆ་ཚུ་ གཡོ་བཅོས་དང་ རྫུས་བཟོ་ སྐྱོན་ཞུགས་འབད་ཐོག་ལས་ ལས་འཛིན་གྱི་ མ་དངུལ་ལོག་སྤྱོད་འབད་ནི་ལུ་ ལྷན་ཐབས་བྱུང་ནུག་ཟེར་ཨིན་པས།
ད་རུང་ དངུལ་སྤྲོད་ལེན་གྱི་ ཡིག་ཆ་ཚུ་ བདེན་དཔྱད་ཚུལ་མཐུན་ མ་འབད་བའི་ཁར་ རྒྱབ་ཁུངས་ཡིག་ཆ་དང་ རྩིས་བཱིལ་ དེ་ལས་ ཚད་འཛིན་དབང་འཛིན་ལས་ གནང་བ་མེད་པར་ བཟོ་ཡོདཔ་མ་ཚད་ འདྲ་བཤུས་རྐྱབ་སྟེ་དང་ རྩིས་བཱིལ་རྫུས་བཟོ་ཐོག་ མ་དངུལ་ཐོབ་བརྗོད་བཀོད་པའི་ཁར་ ཚོང་པ་ཚུ་གིས་སྤྲོད་མི་ དངུལ་འཛིན་ཅེག་ཚུ་ རང་གི་མིང་ཐོ་ཁར་དང་ ཡང་ཅིན་ རྩི་ས་ལས་འཛིན་གྱི་ ལས་གཡོགཔ་དང་ རྩ་ཕན་གསུམ་པའི་ མིང་ཐོ་ལུ་ བཏོགས་བཅུག་སྟེ་ ཐད་ཀར་དུ་ སྒེར་མི་སོ་སོའི་ དངུལ་ཁང་གི་ རྩིས་ཁྲ་ནང་ བཙུགས་ཡོདཔ་ཨིན་པས།
དེ་གིས་མ་དོ་བར་ ཡིག་ཆ་གཡོ་བཅོས་ཐོག་ ཏི་རུ་འཐོབ་ནི་ཡོད་མི་དང་ ཚོང་པ་ཚུ་གི་ མིང་རྟགས་རྫུས་མ་བཀོད་ཡོདཔ་མ་ཚད་ ཚོང་པ་ཚུ་གི་ རྩིས་བཱིལ་ནང་ གནས་གོང་ཡར་སེང་རྐྱབ་སྟེ་ བཙུགས་པའི་ཤུལ་ལས་ དབང་འཛིན་ལས་ གནང་བ་ཐོབ་ཚརཝ་ད་ ད་རུང་ དངུལ་འབོར་ཐེབས་བཙུགས་ཏེ་ ཐོབ་བརྗོད་བཀོད་ཞིནམ་ལས་ ཚོང་པ་ཚུ་གི་ སྤྲོད་རིམ་ཚུ་ སོ་སོར་དབྱེ་ཐོག་ སྤྲོད་དགོཔ་ཡོད་པའི་གྲངས་སུ་ བཀོད་ཡོད་པའི་ ཤེས་རྟོགས་བྱུང་ནུག།
རྩོད་བཤེར་དེ་གི་ཐོག་ལས་ ཟླཝ་༦ གི་ཧེ་མར་ ངང་ལམ་དྲུང་ཁག་ཁྲིམས་འདུན་གྱིས་ སྒེར་མི་༤ ལས་ མ་དངུལ་སོར་ཆུད་འབད་དགོ་པའི་ འཁྲུན་ཆོད་གནང་ཡོདཔ་མ་ཚད་ སྤྱི་ལོ་༢༠༡༤ ལུ་ སྣུམ་འཁོར་ཐུག་རྐྱེན་ནང་ ཤི་རྐྱེན་བྱུང་མི་ དངུལ་རྩིས་ལས་རོགས་འགོ་དཔོན་ ཚེ་འདས་སངས་རྒྱས་ཚེ་རིང་གིས་ དངུལ་ཀྲམས་ཡ་༡༡.༢༤༦ ལོག་སྤྱོད་འབད་མི་ལས་ ཁོ་རའི་ཨ་པ་གི་ རྩིས་ཁྲ་ནང་ དངུལ་ཀྲམ་ས་ཡ་༡.༣ བཙུགས་མི་དེ་ སོར་ཆུད་འབད་དགོ་པའི་ཁར་ ཚེ་འདས་ཀྱི་ གནས་ཚང་གི་ ས་ཆ་དང་ རྒྱུ་དངོས་དག་པ་ཅིག་ གཞུང་བཞེས་གཏང་དགོ་པའི་ བཀའ་རྒྱ་གནང་ཡོད་པའི་གནས་ཚུལ།

ངང་ལམ་ལས་ རིག་འཛིན་དབང་ཕྱུག།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *