སྣུམ་འཁོར་བཞག་ས་གསརཔ་ནང་ དོ་འབག་མི་སྣུམ་འཁོར་ཊག་ཚུ་ གྱལ་སྒྲིག་ཐོག་ལུ་ བཞག་མི་ཚུ།

དངུལ་རྩིས་བློན་པོ་གིས་ ཀེ་བ་ཕྱིར་སེལ་འཕྲུལ་ཆས་དོན་ལུ་ དངུལ་ཀྲམ་ས་ཡ་༢༠ ཁས་བླངས།

༉ ཕུན་ཚོགས་གླིང་ལུ་ ཀེ་བ་གི་རིན་བསྡུར་ མགྱོགས་དྲག་སྦེ་འབད་ཐབས་ལུ་ འཕྲལ་ཁམས་ཅིག་ཁར་ དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་གིས་ རིན་བསྡུར་ཁང་གི་དོན་ལུ་ ཀེ་བ་ཕྱིར་སེལ་གྱི་ འཕྲུལ་ཆས་༢ ཉོ་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༢༠ ཁས་བླངས་འབད་ཡོདཔ་ཨིན་པས།

ཁྲོམ་ཁར་ཡོད་མི་ དུས་ཅི་ བཟོ་སྐྲུན་འབད་ཚར་མི་ དོ་བཞག་ས་ཆུང་བ་དེ་ཡང་ སྣུམ་འཁོར་བཞག་ཐང་སྦེ་ ངོས་འཛིན་འབད་ཡོདཔ་ཨིན་པས།

ཀེ་བ་ཕྱིར་སེལ་འཕྲུལ་ཆས་གཉིསཔོ་དེ་ དོ་བཞག་སའི་ས་ཁོངས་ནང་ གཞི་བཙུགས་འབད་ནི་ཨིན་ཟེར་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ བཤད་ཅི།

བློན་པོ་གིས་ རིན་བསྡུར་ཁང་ནང་ཡོད་མི་ཚུ་ལུ་ སང་ཕོད་དུས་ཚོད་འ་ནེམ་གཅིག་ཁར་ ད་རུང་ ཕྱིར་སེལ་འབད་ནིའི་ འཕྲུལ་ཆས་དང་གཅིག་ཁར་ ས་ཁོངས་སོ་སོར་ནང་ དོ་བཞག་ཁང་ཚུ་ཡང་ བཟོ་སྐྲུན་འབད་ནི་ཟེར་ཨིན་པས།

སྣུམ་འཁོར་བཞག་ཁང་གི་ ཉེན་སྲུང་དཀའ་ངལ་ སེལ་ཐབས་ལུ་ གནས་སྐབས་ཀྱི་ས་ཁོངས་ ངོས་འཛིན་འབད་ཡོདཔ་ད་ ལས་འཛིན་གྱི་ འགོ་དཔོན་དང་འཁྲིལཝ་ད་ འབྲེལ་ཡོད་དབང་འཛིན་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་བའི་ཤུལ་ལས་ གྲོས་ཐག་བཅད་ཅི་ཟེར་ཨིན་པས།

དོ་བཞག་ཁང་ཆུང་བ་དེ་ རིན་བསྡུར་འབད་སའི་ ས་ཁོངས་སྦེ་ ལག་ལེན་འཐབ་ནི་ཨིནམ་ད་ དེ་ནང་ སྣུམ་འཁོར་ཊཱག་༤༥ དེ་ཅིག་གི་ ཤོང་ཚད་ཡོདཔ་ཨིན་རུང་ ཊཱག་༥༠ ལྷགཔ་ཅི་ བཞག་ཚུགས་ཟེར་ཨིན་པས།

ལས་འཛིན་གྱི་ སོ་ནམ་དང་ཚོང་འབྲེལ་ལས་ཁུངས་འགོ་འཛིན་ ཚེ་རིང་རྡོ་རྗེ་གིས་ བཤད་མིའི་ནང་ སྣུམ་འཁོར་ཊཱག་བཏང་མི་ཚུ་གིས་ ས་མཚམས་ཀྱི་ ཉེ་འདབས་ལུ་ཡོད་པའི་ བཙོག་མཛོད་ཀྱི་ས་ཁོངས་དེ་ སྣུམ་འཁོར་བཞག་ས་སྦེ་ ལག་ལེན་འཐབ་སྡོད་ཅི་ཟེར་ཨིན་པས།

ས་ཁོངས་དེ་ནང་ ཉེན་སྲུང་མེད་རུང་ བྱ་ཐབས་མེད་པར་ བཞག་དགོཔ་བྱུང་ཡི་ཟེར་ ཁོ་གིས་བཤད་པའི་ཁར་ ད་ལྟོའི་ས་ཁོངས་དེ་ སྦོམ་ཡོདཔ་ལས་ ཉེན་སྲུང་དང་ སྟབས་བདེ་ཏོག་ཏོ་ཡོད་ཟེར་ཨིན་པས།

དུས་ཅི་ སྤྱི་ཟླ་༡༠ པ་དང་༡༡ པའི་ནང་ རིན་བསྡུར་ཁང་ནང་ རིན་བསྡུར་དོན་ལུ་ ཀེ་བའི་དོ་འབག་མི་སྣུམ་འཁོར་ མང་སུ་ལྷོད་ཡོདཔ་ལས་ མང་ཤོས་ར་ ཉིན་༣ དང་༥ གི་བར་ན་ བསྒུགས་སྡོད་དགོཔ་བྱུང་ཡི་ཟེར་ཨིན་པས།

སྤྱི་ལོ་༢༠༡༧ ལུ་ཡང་ ཀེ་བའི་དོ་འབག་མི་ སྣུམ་འཁོར་ཚུ་ དོ་ཕབ་མ་ཚུགས་པར་ བདུན་ཕྲག་ལས་བཅད་དེ་ རིན་བསྡུར་ཁང་ནང་ བསྒུགས་སྡོད་དགོཔ་བྱུང་ཡོདཔ་མ་ཚད་ མི་ཚུ་གིས་ ཀེ་བའི་དོ་ཚུ་ སྣུམ་འཁོར་ལམ་བདའ་སྟེ་ ག་ལྷོད་བཞག་མི་ལུ་བརྟེན་ ཨར་རྐུན་འབད་བའི་ཁར་ རུལ་སོང་བའི་དཀའ་ངལ་བྱུང་ཡོདཔ་ཨིན་པས།

དཀའ་ངལ་དེ་སེལ་ཐབས་ལུ་ ལས་འཛིན་གྱིས་ སྣུམ་འཁོར་བཞག་སའི་ས་ཁོངས་༢ ངོས་འཛིན་འབད་ཡོད་རུང་ བཙོག་མཛོད་ཉེ་འདབས་ལུ་ ཡོད་མིའི་ས་ཁོངས་དེ་ ས་མཚམས་ཁར་འབད་ནི་དེ་གིས་ གདོང་ལེན་བྱུང་ཡི་ཟེར་ཨིན་པས།

ཚོང་འབྲེལ་ལས་ཁུངས་མདོ་ཆེན་ རྡོ་རྗེ་བཀྲིས་ཀྱིས་ བཤད་མིའི་ནང་ སྣུམ་འཁོར་བཞག་ཁང་གསརཔ་ ངོས་འཛིན་འབད་མི་དེ་གིས་ དུས་ཚོད་ཁར་ དོ་ཕབ་ཐོག་ལས་ ལོག་དོ་ལེན་པར་འགྱོ་ནིའི་ དུས་ཚོད་འཐོབ་ནི་མས་ཟེར་ཨིན་པས།

ཁོ་གིས་བཤད་མིའི་ནང་ སོ་ནམ་པ་ཚུ་གིས་ ཕྱིར་སེལ་ཚུ་ ལཱ་ཁག་སྦེ་ མི་གིས་རྐྱབ་མ་དགོཔ་བཟོ་ནིའི་དོན་ལུ་ ཕྱིར་སེལ་འཕྲུལ་ཆས་ མཁོ་སྒྲུབ་འབད་ནིའི་ འཆར་གཞི་ཡོད་པའི་ཁར་ དོ་བཞག་ཁང་གི་ མཐུན་རྐྱེན་བཙུགས་ནིའི་ འཆར་གཞི་ཡོད་ཟེར་ཨིནམ་ད་ ཧེ་མ་འབད་བ་ཅིན་ མི་ཚུ་གིས་ ཕྱིར་སེལ་རྐྱབ་ནིའི་དོན་ལུ་ དུས་ཚོད་ལེ་ཤ་འགོར་ཡི་ཟེར་ཨིན་པས།

བློན་པོ་གིས་ འཆར་གཞི་དང་འཁྲིལ་ གྲོགས་རམ་གནང་མི་ལུ་ སེམས་དགའ་ཡི་ཟེར་ཨིནམ་ད་ དེ་གིས་ ཞབས་ཏོག་སྤྲོད་ནི་ལུ་ ཁེ་ཕན་སྦོམ་འབྱུང་ཚུགས་ཟེར་ཨིན་པས།

རིན་བསྡུར་ཁང་ནང་ ལྷོད་མི་ཀེ་བ་མང་ཤོས་ར་ ཕོབ་སྦྱིས་ཁ་དང་ དབང་འདུས་ཕོ་བྲང་ སྐྱབས་ཆ་ ཆུ་ཁ་ དེ་ལས་ སྤ་རོ་ རྒྱ་བར་ནང་གཡུས་ཚན་ཚུ་ནང་ལས་ འབག་འོང་དོ་ཡོདཔ་ཨིན་པས།

སོ་ནམ་པ་ཚུ་གིས་ ཕུན་ཚོགས་གླིང་ལུ་ འབག་མ་འོང་པའི་ཧེ་མར་ ཕྱིར་སེལ་རྐྱབ་ནིའི་དོན་ལུ་ མི་རེ་ལུ་ དངུལ་ཀྲམ་༣༥༠ དང་༥༠༠ གི་བར་ན་ སྤྲོད་དོ་ཡོད་རུང་ ད་ལས་ཕར་ འཕྲུལ་ཆས་ལུ་བརྟེན་ ཟད་འགྲོ་ཚུ་ མར་ཕབ་འབད་ཚུགས་ནི་ཨིན་པས།

ཕྱིར་སེལ་རྐྱབ་ཞིནམ་ལས་ སོ་ནམ་པ་ཚུ་གིས་ ཡོངས་འབྲེལ་ཐོག་ལས་ཡང་ ཚོང་འབྲེལ་འཐབ་ཚུགས་ནི་ཨིནམ་ལས་ སོ་ནམ་པ་ཚུ་ལུ་ ཁེ་ཕན་ཡོད་པའི་ཁར་ བྱ་སྟབས་བདེ་ཏོག་ཏོ་ འབྱུང་ནི་ཨིན་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *