དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་འཕྲི་སྣོན་དཔྱད་ཡིག་ལུ་རྒྱབ་སྐྱོར།

༉ ཁ་ཙ་ དངུལ་རྩི་བློན་པོ་ རྣམ་རྒྱལ་ཚེ་རིང་གིས་ འབྲུག་གི་དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་འཕྲི་སྣོན་དཔྱད་ཡིག་༢༠༢༢ ཅན་མ་དེ་ རྒྱལ་ཡོངས་ཚོགས་སྡེ་ལུ་ ངོ་སྤྲོད་འབད་བའི་ཤུལ་ལུ་ གསུང་གྲོས་གནང་ཐོག་ལས་ བསྐྱར་ཞིབ་ཚོགས་ཁང་གིས་ རྒྱབ་སྐྱོར་འབད་ཡི།

དེ་ཡང་ དཔྱད་ཡིག་གི་དོན་ཚན་༥༦ པའི་ནང་གསེས་དོན་ཚན་༡ པ་ནང་ བཟོ་གྲྭ་ཁང་ཚུ་གིས་ ཕྱི་ཁ་ལས་ བཟོ་གྲྭ་ཁང་ནང་དགོ་པའི་ སྒམ་རྐྱབ་ནིའི་ ཅ་ཆས་ཚུ་ མཁོ་སྒྲུབ་འབད་བའི་སྐབས་ ཅ་དམ་དང་བཙོང་འཁྲལ་དགོངས་ཡངས་བརྒྱ་ཆ་༣ ཡོད་ཟེར་མི་དེ་ མ་ཆེད་གཏང་ནིའི་དོན་ལུ་ རྒྱལ་ཡོངས་ཚོགས་འདུ་ལས་ ཆ་འཇོག་གྲུབ་སྟེ་ ཚོགས་སྡེ་ལུ་ བཏང་ཡོདཔ་ཨིན་པས།

དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་གིས་ ཚོང་འབྲེལ་འཐབ་པའི་སྐབས་ ཕྱི་དངུལ་ཡུ་ཨེསི་ཌོ་ལར་མ་ཐོབ་པ་ཅིན་ ཕྱི་ཁ་ལས་ ཅ་ཆས་ཉོ་བའི་སྐབས་ ཅ་དམ་གྱི་ ཁྲལ་མར་ཕབ་བརྒྱ་ཆ་༣ ཨིནམ་ལས་   དམིགས་ཡུལ་ངོ་མ་ར་ ཕྱི་དངུལ་གསོག་འཇོག་འབད་ནི་དེ་ཨིན་ཟེར་ཞུ་ཡི།

བློན་པོ་གིས་འབད་བ་ཅིན་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ བཅའ་ཡིག་དང་སྒྲིག་གཞི་༢༠༢༠ ཅན་མ་བལྟ་བའི་སྐབས་ ཕྱི་དངུལ་ག་དང་ག་ལུ་འཐོབ་ཨིན་ན་ ཚད་གཞི་ག་དེ་ཅིག་ འཐོབ་ནི་ཨིན་ན་ འཛིན་སྐྱོང་ག་དེ་སྦེ་ འབད་ནི་ཨིན་ནའི་ འགན་ཁུར་དེ་ རྒྱལ་གཞུང་དངུལ་ལས་དབང་འཛིན་ལུ་ཕོགཔ་ལས་ དོན་ཚན་དེ་ ཚུད་དགོཔ་མེད་ནི་དེ་གིས་ ཆ་མེད་ཀྱི་དོན་ལུ་ ཚོགས་སྡེ་ལུ་ བཙུགས་དོ་ཟེར་ཨིན་པས། 

དཔྱད་ཡིག་དེ་ ན་ཧིང་ གནམ་དགུན་གྱི་ ཚོགས་ཐེངས་སྐབས་ འཕྲི་སྣོན་འབད་དེ་ ཟླཝ་༦ དང་ཉིན་གྲངས་༢༣ ལང་ཡོདཔ་ཨིན་པས།

སྤ་རྫོང་ཁག་གི་འཐུས་མི་ ཨྱོན་ཚེ་རིང་གིས་ ཞུ་མིའི་ནང་ དཔྱད་ཡིག་དེ་ ཧེ་མ་ལས་ར་ འཕྲི་སྣོན་འབད་བའི་ཁར་ ཚོགས་ཁང་ནང་ ནན་བསྐྱར་དུ་ བཙུགས་མི་དེ་ འབྲེལ་ཡོད་ལས་སྡེ་དང་ རྒྱལ་གཞུང་དངུལ་ལས་དབང་འཛིན་དང་གཅིག་ཁར་ གྲོས་བསྟུན་མ་འབདཝ་ཨིན་ན་དང་ ཡང་ཅིན་ མཐུན་སྒྲིག་འབད་མ་ཚུགས་པའི་ གནད་དོན་ཨིན་ན་ ཚོགས་ཁང་ནང་ ཞུ་དགོཔ་འདུག་ཟེར་ཨིན་པས།

དངུལ་རྩིས་བློན་པོ་གིས་ ལྷན་ཁག་གི་ ཁ་ཐུག་ལས་ ཟིན་བྲིས་བཏབ་པའི་སྐབས་ གྲོས་བསྟུན་མ་འབདཝ་རྩ་ལས་མེན་པར་ འབྲེལ་ཡོད་ལས་སྡེ་དང་ སྒེར་སྡེ་དང་གཅིག་ཁར་ གྲོས་བསྟུན་ཚར་༣ དེ་ཅིག་འབད་ཡི་ཟེར་ཞུ་ཡི།

དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་༢༠༡༧ ཅན་མ་གིས་ ཤོ་མཚུངས་སྦེ་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་སྤྲོད་ནུག་ཟེར་ བློན་པོ་གིས་ ཞུ་བའི་ཁར་ ག་དང་ག་ལུ་ར་ ཕན་ཐོགས་ནུག་ག་ཟེར་ ཞིབ་འཚོལ་འབད་བའི་སྐབས་ ཕན་ཐོགས་མི་དེ་ཅིག་ར་ མེདཔ་མ་ཚད་ ལཱ་གཡོག་འབད་རུང་ དེ་ཅིག་ར་ སྤྲོད་མ་ཚུགས་པས་ཟེར་ ཞུ་ཡི།

བློན་པོ་གིས་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་༢༠༢༢ ཅན་མ་ ཟིན་བྲིས་བཏབ་པའི་སྐབས་ བརྟག་དཔྱད་ཞིབ་ཞིབ་འབད་དེ་ དཔལ་འབྱོར་ལུ་ ཕན་ཐོགས་ཚུགས་མི་ ལས་སྡེ་ཚུ་ལུ་ དངུལ་འབྲེལ་སེམས་ཤུགས་དང་ མ་རྩ་གཞི་བཙུགས་འབད་ཡི་ཟེར་ ཞུ་ཡི།

ནད་ཡམས་སྐབས་ ཚོང་འབྲེལ་གྱི་ དཀའ་ངལ་བྱུང་མི་ལུ་བརྟེན་ ས་མཚམས་ཁར་ ཚོང་རྐྱབ་སྡོད་མི་ཚུ་ལུ་ ཚོང་ཁྲལ་བརྒྱ་ཆ་༣༠ ལས་༡༠ ལུ་མར་ཕབ་འབད་དེ་ བྱིན་ཡོདཔ་ད་ དཔྱད་ཡིག་དེ་ བསྐྱར་ཞིབ་ཚོགས་ཁང་གིས་ ཚོགས་རྒྱན་བཙུགས་ཐོག་ལས་ ཆ་འཇོག་འགྲུབ་ནི་ཨིན་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ།

About admin

Check Also

བསླབ་སྟོན་པ་གཞི་བཙུགས་ཐོག་ སྔོན་འགོག་གི་ཐབས་ལམ་བཏོན་དགོཔ།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཞུགས་སྐབས་ ཤེས་རིག་བློན་པོ་ ཇའེ་བིར་རའེ་གིས་ ཤེས་རིག་བཟའ་ཚང་དེ་ར་ སྦོམ་ཨིན་ནི་དེ་གིས་ བྱ་སྟབས་མ་བདེ་བའི་དཀའ་ངལ་དང་ གདོང་ལེན་ཐོན་རུང་ ན་གཞོན་ཚུ་ མ་འོངས་པའི་བདོག་གཏད་དང་ འགོ་ཁྲིདཔ་ཨིནམ་ལས་ སྔོན་འགོག་ཐབས་ལམ་དང་ ལཱ་ …

Leave a Reply

Your email address will not be published. Required fields are marked *