དངུལ་འབྲེལ་མཐུན་རྐྱེན་ གནང་མི་དེ་ ཁྲིམས་འགལ་ཨིན་ན?

༉ འདས་པའི་བདུན་ཕྲག་ནང་ དངུལ་རྩིས་ཚོགས་ཆུང་གིས་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་༢༠༡༦ ཅན་མའི་ སྙན་ཞུ་སྐོར་ལས་ རྒྱལ་ཡོངས་ཚོགས་འདུ་གིས་ གསུང་གྲོས་གནངམ་ད་ གཞུང་གི་ཧོངས་ལས་ དངུལ་འབྲེལ་མཐུན་རྐྱེན་དེ་ སྤྱི་ཚོགས་ལས་ གནང་བ་མ་གྲུབ་པར་ ཟླ་ངོ་༡༧ གྱི་ཧེ་མ་ལས་ བསྟར་སྤྱོད་འབད་ཡོད་པའི་ མངོན་གསལ་བྱུང་ནུག།
འབྲུག་གི་རྩ་ཁྲིམས་ཆེན་མོ་དང་ ལོ་ངོ་༦ གི་ཧེ་མར་ མངོན་མཐོ་ཁྲིམས་ཀྱི་འདུན་ས་ལས་ ཁྲལ་བཀལ་ཐངས་དང་འབྲེལ་བའི་ ཁྲིམས་ཀྱི་བཀའ་རྒྱ་གནང་མི་དང་འཁྲིལ་བ་ཅིན་ དངུལ་འབྲེལ་མཐུན་རྐྱེན་ཚུ་ ཏི་རུའི་དཔྱད་ཡིག་སྦེ་ བརྩི་འཇོག་འབད་དགོཔ་ལས་ གནང་བ་འགྲུབ་ནིའི་དོན་ལུ་ སྤྱི་ཚོགས་ནང་ བཙུགས་དགོཔ་ཨིན་མས།
དེ་འབདཝ་ད་ གཞུང་གིས་ མཐུན་རྐྱེན་དེ་ཚུ་ སྤྱི་ལོ་༢༠༡༦ ཟླ་༡ པ་ལས་ ལག་ལེན་འཐབ་སྟེ་ བཟོ་གྲྭ་དང་ ལྟ་བཤལ་ ས་གཏེར་ སྐྱེལ་འདྲེན་ ཤེས་རིག་ ལག་བཟོ་ཚུ་ནང་ ཁྲལ་ཡངས་ཆག་གནང་ཡོད་མི་ལུ་བརྟེན་ རྒྱལ་ཡོངས་ཚོགས་འདུ་ནང་ རྩོད་འགྲན་སྦོམ་བྱུང་སྟེ་ ཚོགས་དཔོན་དང་ ལྡོག་ཕྱོགས་ཚོགས་པའི་ འཐུས་མི་ཚུ་གིས་ རྩ་ཁྲིམས་ཆེན་མོ་དང་ ཆེ་མཐོ་ཁྲིམས་འདུན་གྱི་ བཀའ་རྒྱ་ཚུ་ལས་ འགལ་སོ་ནུག་ཟེར་ གདོང་ལེན་སྒྲིང་སྒྲི་འབད་ནུག།
འདས་པའི་གཞུང་གི་སྐབས་ལུ་ཡང་ སྤྱི་ཚོགས་ཀྱི་གནང་བ་མེད་པར་ སྣུམ་འཁོར་གྱི་ ཁྲལ་ཡར་སེང་འབད་མི་ལུ་བརྟེན་ དེ་བསྒང་གི་ ལྡོག་ཕྱོགས་ཚོགས་པའི་ འཐུས་མི་༢ ཀྱིས་ གཞུང་སྐྱོང་ཚོགས་པ་དེ་ ཁྲིམས་ཀྱི་འདུན་སར་ ཁྲིམས་གཏུགས་འབད་བའི་ཤུལ་ལས་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་ལས་ འགལ་ནི་དེ་གིས་ ནང་འདྲེན་འབད་མི་ སྣུམ་འཁོར་གྱི་ ཇོ་བདག་ཚུ་ལུ་ ཁྲལ་བཀལ་མི་ཚུ་ ལོག་སྤྲོད་དགོཔ་བྱུང་ཡོདཔ་ཨིན།
ད་རེས་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་དེ་ རྩོད་རྙོགས་ཅན་ཅིག་ལུ་ གྱུར་ཡོད་མི་དེ་ཡང་ ཧེ་མའི་རྩོད་དོན་དང་ ཅོག་འཐདཔ་ཡར་སོ་ནི་དེ་གིས་ཨིནམ་ད་ གལ་སྲིད་ གཞུང་སྐྱོང་ཚོགས་པ་དང་ ལྡོག་ཕྱོགས་ཚོགས་པའི་བར་ན་ མོས་མཐུན་འབྱུང་མ་ཚུགས་པ་ཅིན་ སྤྱི་ལོ་༢༠༡༦ ལས་ ཁྲལ་ཡངས་ཆག་གནང་མི་ཚུ་ སྒེར་སྡེ་དང་ ཚོང་ལས་འཐབ་མི་ཚུ་ལས་ ཁྲལ་ལོག་བསྡུ་དགོཔ་ལས་ ཧེང་སྐལ་ར་ མགུ་རྙོགས་དྲགས་ཅིག་ལུ་ འགྱུར་ནི་ཨིན་མས།
ཚོགས་འདུའི་ བྱ་རིམ་དང་འཁྲིལ་བ་ཅིན་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་དེ་ དུས་ཅི་ སྤྱི་ཟླ་༥ པའི་ཚེས་༨ ལུ་ རྒྱལ་ཡོངས་ཚོགས་འདུ་ནང་ ངོ་སྤྲོད་འབད་བའི་ཉིནམ་ལས་ བསྟར་སྤྱོད་ཀྱི་དོན་ལུ་ བརྩི་འཇོག་འབད་དགོཔ་ཨིན་མས།
གཞུང་གི་ཁ་ཐུག་ལས་ མཐུན་རྐྱེན་ཚུ་ སྤྱི་ལོ་༢༠༡༦ ཟླ་༡ པ་ལས་ ཆ་གནས་ཡོདཔ་ཅིག་ མཛད་གནང་ཟེར་ རྒྱལ་ཡོངས་ཚོགས་ཁང་ནང་ གསོལ་ཞུ་འབད་ཡོདཔ་མ་ཚད་ གནད་དོན་དེ་གི་སྐོར་ལས་ ནན་བསྐྱར་དུ་ གྲོས་བསྡུར་གནང་ནིའི་དོན་ལས་ དུས་ཚོད་གནང་དགོ་པའི་ ཞུ་བ་ཕུལ་མི་ལུ་ བལྟ་བ་ཅིན་ གཞུང་གིས་ འཛོལ་བ་དང་ འཐུས་ཤོར་བྱུང་པའི་ ངོས་ལེན་གྱི་ བརྡ་མཚོན་སྟོནམ་ཨིན་མས།
མ་གཞི་ འདས་པའི་གཞུང་གིས་ཡང་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་གྱི་ཐད་ལུ་ སྤྱི་ཚོགས་ནང་ མ་བཙུགས་པར་ སྤྱི་ལོ་༢༠༡༠ ལས་༢༠༡༤ ཚུན་ དངུལ་ཀྲམ་ཐེར་འབུམ་༦ ལྷགཔ་ཅིག་ ཁྲལ་ཡངས་ཆག་གནང་ཡོད་རུང་ དེ་བསྒང་ རྒྱལ་ཡོངས་ཚོགས་འདུ་ནང་ གསུང་གྲོས་མ་གནང་པས།
གནད་དོན་དེ་ ག་དེ་སྦེ་ར་ཨིན་རུང་ གཞུང་གིས་ རྩ་ཁྲིམས་ཆེན་མོ་དང་ བཅའ་ཁྲིམས་ དེ་ལས་ འབྲེལ་ཡོད་སྒྲིག་གཞི་ཚུ་ལས་ འགལ་ཡོད་པ་ཅིན་ དེ་དང་བསྟུན་པའི་ འགན་འཁྲི་འབག་དགོཔ་དེ་གལ་ཆེ། ག་འཆརཔ་ཟེར་བ་ཅིན་ ཤུལ་མའི་གཞུང་ཚུ་གི་སྐབས་ལུ་ཡང་ འདི་བཟུམ་མའི་ གོ་སྐབས་ལེན་ནི་གི་ འོས་འབབ་སྦོམ་ཡོདཔ་ལས་ ད་ལྟོ་ རྩོད་རྙོགས་ཐོན་པའི་ ནམ་དུས་ལུ་ ལམ་ལུགས་དང་ ཁྲིམས་ཡིག་ཚུ་ དྭངས་གསལ་བཟོ་དགོ་ཟེར་ ཞུ་ནི་ཨིན།

About admin

Check Also

ཕན་རླབས་ཅན་གྱི་ འཆར་གཞི་བརྩམ་ནི་དང་ གྲོས་ཐག་གཅད་ནི་ལུ་ གཙོ་རིམ་བཟུང་དགོཔ།

༉ ཡུན་མ་རིངམོ་ཅིག་གི་ཧེ་མར་ གཞུང་གིས་ ཁྱིམ་ནང་ལཱ་འབད་མི་ ཕྱི་ཁའི་ལས་མི་ཚུ་ ནང་འདྲེན་འབད་མ་ཆོག་པའི་ བཀག་ཆ་འབད་ཡོདཔ་ད་ དེ་ཡང་ གཙོ་བོ་ར་ ཕྱི་ཁའི་ལཱ་འབད་མི་ དམིགས་བསལ་དུ་ ན་གཞོན་བུམོ་ཚུ་དང་འབྲེལ་བའི་ དཀའ་ངལ་བྱུང་མི་ལུ་བརྟེན་ཨིན་མས། མ་གཞི་ འདི་བཟུམ་མའི་ …

Leave a Reply

Your email address will not be published. Required fields are marked *