སྒང་ཟུར་སྨིན་རྗེ་གི་འཐུས་མི་ ཀརྨ་རང་གྲོལ།

དངུལ་འབྲེལ་མཐུན་རྐྱེན་གྱི་སྐོར་ མངོན་མཐོ་ཁྲིམས་འདུན་ལས་ དོན་འགྲེལ་ཞུ་ནི།

༉ སྤྱི་ཟླ་༦ པའི་ཚེས་༥ ལུ་ རྒྱལ་ཡོངས་ཚོགས་འདུ་ནང་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་༢༠༡༦ ཅན་མའི་སྐོར་ལས་ རྩོད་འགྲན་སྦོམ་ བྱུང་པའི་ཤུལ་ལས་ སྙན་ཞུ་སྦེ་མེན་པར་ ཏི་རུའི་དཔྱད་ཡིག་སྦེ་ ཆ་འཇོག་འབད་གྲུབ་ཅི།

འགོ་ཐོག་སྐབས་ དངུལ་འབྲེལ་མཐུན་རྐྱེན་དེ་ སྙན་ཞུ་སྦེ་ ཕུལ་ཡོདཔ་ཨིན་རུང་ ད་ལྟོ་ ཏི་རུའི་དཔྱད་ཡིག་སྦེ་ ཆ་འཇོག་འབད་དགོ་པའི་ གྲོས་འདེབས་ཕུལ་བའི་སྐབས་ རྒྱལ་ཡོངས་ཚོགས་འདུའི་འཐུས་མི་༤༢ ལས་ འཐུས་མི་༣༡ གིས་ དཔྱད་ཡིག་ལུ་ ཚོགས་རྒྱན་བཙུགས་ཡོདཔ་བཞིན་དུ་ འཐུས་མི་༡༠ གྱིས་ མ་དགོཔ་སྦེ་ ཚོགས་རྒྱན་བཙུགས་པའི་ཁར་ འཐུས་མི་༡ གིས་ ཚོགས་རྒྱན་བཙུགས་ནི་ལས་ འཛེམ་སྡོད་མི་ལུ་བརྟེན་ ཆ་འཇོག་གྲུབ་གནང་ཡི།
དཔྱད་ཡིག་དེ་ རྒྱལ་ཡོངས་ཚོགས་སྡེ་ནང་ གཏང་ཞིནམ་ལས་ ད་རེས་ཀྱི་ ཚོགས་ཐོངས་ནང་ སྤྱི་ཚོགས་ལྷན་བཞུགས་ཀྱིས་ ཆ་འཇོག་གནང་ནི་ཨིན་པས།
ལྷུན་རྩེ་སྒང་ཟུར་སྨིན་རྗེ་གི་འཐུས་མི་ ཀརྨ་རང་གྲོལ་གྱིས་ ཞུ་མིའི་ནང་ ད་ལྟོ་ གཞུང་གིས་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་ བཙུགས་གནང་མི་དེ་ལུ་ རྒྱབ་སྐྱོར་ཕུལ་དགོཔ་ཨིན་རུང་ དོགས་པ་ཡོད་པའི་ མཐུན་རྐྱེན་དེ་ སྤྱི་ལོ་༢༠༡༦ གི་ ཟླཝ་དང་པ་ལས་ གནང་ཚར་བའི་ཤུལ་ལས་ དཔྱད་ཡིག་དེ་ སྤྱི་ལོ་༢༠༡༧ ཟླ་༥ པའི་ཚེས་༨ ལུ་ ངོ་སྤྲོད་ཕུལཝ་ད་ ཁྲིམས་འགལ་ཨིན་པའི་ ཚོར་སྣང་བྱུང་ཡི་ཟེར་ཞུ་ཡི།
འདས་པའི་གཞུང་གིས་ སྤྱི་ལོ་༢༠༡༠ དང་༢༠༡༣ ལུ་ དངུལ་ཀྲམ་ཐེར་འབུམ་༧ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་སྦེ་ གནང་ཡོདཔ་ད་ ད་ལྟོའི་ གཞུང་གིས་ཡང་ སྤྱི་ལོ་༢༠༡༦ ཟླཝ་དང་པ་ལས་ འཕྲོ་མཐུད་ཡོདཔ་ལས་ ད་ལྟོའི་གཞུང་དང་ འདས་པའི་གཞུང་གཉིས་ཆ་ར་གིས་ སྤྱི་ཚོགས་ལས་ གནང་བ་ག་ཅི་ཡང་ མ་ལེན་པར་ ལག་ལེན་འཐབ་ཡོདཔ་ཨིན་པས།
དེ་འབདཝ་ལས་ ཚོགས་དཔོན་འཇིགས་མེད་བཟང་པོ་གིས་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་ ཧེ་མ་ལས་ ཐལ་ཚར་མི་དང་ ད་ལྟོ་ ཐལ་ཚར་མི་དེ་གི་ཐད་ཁར་ མངོན་མཐོ་ཁྲིམས་འདུན་ལས་ ག་དེ་སྦེ་མཛད་ནི་ཨིན་ན་ དོན་འགྲེལ་གནང་དགོ་པའི་ ཞུ་བ་ཕུལ་ཞིནམ་ལས་ ལག་ལེན་འཐབ་ནི་ཨིན་ཟེར་གསུངས་ཡི།
ད་ལས་ཕར་ གཞུང་ག་འོང་སྟེ་འབད་རུང་ དངལ་འབྲེལ་མཐུན་རྐྱེན་ཐད་ཁར་ ད་ལྟོ་འབད་མི་དང་འཁྲིལ་ མཛད་དགོ་ཟེར་ ཚོགས་དཔོན་གྱིས་ གསུངས་ཡི།
བུམ་ཐང་ཆུ་སྨད་ཨུ་རའི་འཐུས་མི་ ཚེ་དབང་འགྱུར་མེད་ཀྱིས་ མ་གཞི་ སྤྱི་ལོ་༢༠༡༣ ལུ་ཡང་ འདས་པའི་གཞུང་གིས་ འཛོལ་ཡོདཔ་བཞིན་དུ་ ད་ལྟོའི་ གཞུང་གིས་ཡང་ འཛོལ་ཡོདཔ་ལས་ ད་ལས་ཕར་ དངུལ་འབྲེལ་མཐུན་རྐྱེན་ཚུ་ བཙུགས་པའི་སྐབས་ ཏི་རུའི་དཔྱད་ཡིག་སྦེ་འོང་དགོཔ་ ག་ར་གིས་ ངོས་ལེན་འབད་ཡི་ཟེར་ཞུ་ཡི།
ཨིན་རུང་ ཕྱི་འབྲེལ་བློན་པོ་ དམ་ཆོས་རྡོ་རྗེ་གིས་ ད་ལྟོ་ཚུན་ཚོད་ དངུལ་འབྲེལ་ས་མཐུན་རྐྱེན་གྱི་ཐད་ཁར་ གཞུང་ལུ་ དབང་ཚད་ཡོདཔ་སྦེ་ ཆ་བཞག་ཡོདཔ་ཨིན་རུང་ གསུང་གྲོས་གནངམ་ད་ དམངས་རྩིས་ཀྱི་ བཅའ་ཁྲིམས་དང་འཁྲིལཝ་ད་ ཚོགས་དཔོན་ལུ་ དབང་ཚད་ཡོདཔ་ལས་ དེ་དང་འཁྲིལ་ཏེ་འབད་ཡི་ཟེར་ཞུ་ཡི།
ཕྱི་འབྲེལ་བློན་པོ་གིས་ དངུལ་འབྲེལ་མཐུན་རྐྱེན་བྱིན་ནི་དེ་ གཞུང་གི་ཕྱག་ལུ་བཞག་པ་ཅིན་ གཞུང་གིས་ ག་དེ་སྦེ་འབད་འོང་ག་ སླབ་མི་ཤེས་ནི་ཨིནམ་ད་ གཞུང་ལ་ལོ་གིས་ ལེགས་ཤོམ་འབད་ནི་ཨིན་རུང་ ལ་ལོ་གིས་ ལོག་སྤྱོད་འབད་སྲིད་ནི་ཨིནམ་ལས་ དངུལ་འབྲེལ་མཐུན་རྐྱེན་དེ་ དཔྱད་ཡིག་ནང་ བཙུགས་པ་ཅིན་ ལེགས་ཤོམ་འོང་ནི་མས་ཟེར་མནོ་སྟེ་ བཙུགས་བཙུགསཔ་ཨིན་ཟེར་ཞུ་ཡི།
དགྲ་མེད་རྩེ་-སྔ་ཚང་གི་འཐུས་མི་ ཨྱོན་དབང་འདུས་ཀྱིས་འབད་བ་ཅིན་ ད་ལྟོའི་གཞུང་གིས་ གྲོང་གསེབ་ཀྱི་ ཁྱིམ་གུང་རེ་ལུ་ གློག་ཤུགས་ཡུ་ནིཊ་༡༠༠ སྟོང་པར་སྦེ་གནང་མི་དེ་ དུས་ཚོད་ནམ་ཚུན་ཚོད་གནངམ་ཨིན་ན་ སྤྱི་ཟླ་༦ པའི་ཚེས་༣༠ ཚུན་ཨིན་ན་ ཡང་ཅིན་ སྤྱི་ཟླ་༡༢ པའི་ཚེས་༣༠ ཚུན་ཨིན་ན་ དེ་ཡང་ འཁོད་དགོཔ་འདུག་ཟེར་ཨིན་པས།
གློག་ཤུགས་ལས་ཐོབ་པའི་ མ་དངུལ་དེ་ ཐད་ཀར་དུ་ གློག་མེ་ལས་འཛིན་ལུ་གནངམ་ད་ སེམས་ཤུགས་མཐུན་རྐྱེན་གྱི་གྲངས་སུ་ ཚུདཔ་ཨིནམ་ལས་ དགོངས་ཡངས་གནང་པའི་སྐབས་ ལོ་༣ གྱི་དོན་ལུ་ཨིན་ཟེར་ གསལ་བསྒྲགས་འབད་དེ་འབད་རུང་ ད་ལྟོ་ ལོ་༤ ལང་ཡོད་མི་དེ་ ག་དེ་སྦེ་ཨིན་ན་ གཏན་འཁེལ་བཟོ་དགོཔ་ ཁག་ཆེ་བས་ཟེར་ཞུ་ཡི།
པཱན་སྦང་གི་འཐུས་མི་ རྡོ་རྗེ་དབང་འདུས་ཀྱིས་ བློན་ཆེན་གྱི་ཁ་ཐུག་ལས་ དངུལ་འབྲེལ་མཐུན་རྐྱེན་དེ་ ཏི་རུའི་དཔྱད་ཡིག་ཨིན་པའི་ ངོས་ལེན་མིན་འདུག་ཟེར་ཞུ་ཡི།
གནད་དོན་དེ་གི་སྐོར་ལས་ གསུང་གྲོས་མང་རབས་ཅིག་ བྱུང་ཡོདཔ་ད་ ཁྲལ་གྱི་དབང་ཚད་དེ་ཡང་ སྤྱི་ཚོགས་རྐྱངམ་གཅིག་ལུ་ཨིནམ་ལས་ ཏི་རུའི་དཔྱད་ཡིག་སྦེ་འོང་དགོ་ཟེར་ ཧིང་སངས་ས་བཟོ་སྟེ་ཡོདཔ་ལས་ ག་བ་དྲགཔ་སྦེ་ བློན་ཆེན་དང་ ཕྱི་འབྲེལ་བློན་པོ་གིས་ ཤེས་དགོཔ་ཨིན་ཟེར་ ཁོ་གིས་ ཞུ་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

རྒྱལ་ཁབ་ནང་ དཔུང་ཤུགས་འགྲན་བསྡུར་ཐེངས་༡ པ་ འགོ་འདྲེན་འཐབ་ཡོདཔ།

༉ ཆུ་ཁ་རྫོང་ཁག་ལས་ སྐྱེས་ལོ་༣༨ ལང་མི་ ལྷཔ་ཅུ་གིས་ ལག་པའི་དཔུང་ཤུགས་འགྲན་བསྡུར་ འགོ་འདྲེན་འཐབ་མིའི་ནང་ལས་ ཨང་དང་པ་ ཐོན་ཡོདཔ་ཨིན་པས། ཁོ་གིས་ མཐའ་བཅད་འགྲན་བསྡུར་དང་ མོང་སྒར་ལས་ སྐྱེས་ལོ་༢༩ ལང་མི་ པདྨ་དབང་འདུས་དང་གཅིག་ཁར་ …

Leave a Reply

Your email address will not be published. Required fields are marked *