དངུལ་འབྲེལ་ཐབས་ལམ་ སྤྱི་ལོ་༢༠༢༢ ཟླ་༦ པ་ཚུན་ འཕྲོ་མཐུད་ལག་ལེན་འཐབ་ནི།

༉ རྒྱལ་ཁབ་ནང་ ད་ལྟོའི་བར་ནང་ཡང་ ནད་ཡམས་ཀྱི་གནས་སྟངས་ལུ་ ཡར་དྲག་མེད་མི་དང་བསྟུན་ དངུལ་འབྲེལ་ཐབས་ལམ་ཚུ་ སྤྱི་ལོ་༢༠༢༡ ཟླ་༧ པ་ལས་འགོ་བཙུགས་ སྤྱི་ལོ་༢༠༢༢ ཟླ་༦ པ་ཚུན་ འཕྲོ་མཐུད་ལག་ལེན་འཐབ་ནི་ཨིན་པས།

བློན་ཆེན་ཡིག་ཚང་ལས་ལྷོད་མི་ གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ སྤྱི་ལོ་༢༠༢༠ ཟླ་༦ པའི་ཚེས་༣༠ གི་ ཧེ་མ་ལས་ གནང་བ་གྲུབ་མི་སྐྱིན་འགྲུལ་ཚུ་ སྤྱི་ལོ་༢༠༢༢ ཟླ་༦ པ་ཚུན་འབདཝ་ད་ ལོ་༡ གི་རིང་ ལོག་བཏབ་ནི་དེ་ མཚམས་འཇོག་འབད་དེ་ བཞག་ཆོག་ནི་ཨིན་པས།

དེ་བཟུམ་སྦེ་ སྐྱིན་འགྲུལ་ལེན་མི་ཚུ་ལུ་ སྐྱིན་འགྲུལ་ལོག་བཏབ་ནི་དེ་ འཇམ་ཏོང་ཏོ་བཟོ་ནིའི་དོན་ལུ་ ལོག་བཏབ་མིའི་ ལྕོགས་གྲུབ་དང་འཁྲིལ་ དངུལ་འབྲེལ་ཞབས་ཏོག་བྱིན་མི་ལས་སྡེ་ཚུ་གིས་ ད་ལྟོ་ མཚམས་འཇོག་འབད་མི་ དུས་ཡུན་དང་ ཡང་ཅིན་ སྐྱིན་འགྲུལ་གནས་ཡུན་མཐོ་ཤོས་ལོ་༥ ཕར་འགྱངས་འབད་ཆོགཔ་ཨིན་པས།

ག་དེམ་ཅིག་སྦེ་ སྐྱིན་འགྲུལ་ལེན་མི་ཚུ་གིས་ སྐྱིན་འགྲུལ་ལོག་བཏབ་ནི་ མཚམས་འཇོག་འབད་བའི་ གནས་ཡུན་གྱི་སྐབས་ལུ་ སྐྱིན་འགྲུལ་འཕྲོ་མཐུད་དེ་ བཏབ་པ་ཅིན་ དེ་ལུ་ སྐྱེད་བརྒྱ་ཆ་༡ མར་ཕབ་འཐོབ་ནི་དང་ དངུལ་འབྲེལ་ཐབས་ལམ་ ལས་རིམ་དང་པའི་འོག་ལུ་ ཚོང་འབྲེལ་ལས་སྡེ་ཚུ་ལུ་ སྐྱིན་འགྲུལ་བྱིན་ཡོད་མི་ཚུ་ཡང་ སྤྱི་ལོ་༢༠༢༠ ཟླ་༤ པ་ལས་འགོ་བཙུགས་ སྤྱི་ལོ་༢༠༢༠ ཟླ་༦ པ་ཚུན་འབདཝ་ད་ ད་རུང་ ལོ་༡ གི་རིང་ སྐྱིན་འགྲུལ་ལོག་བཏབ་མི་དགོ་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།

སྐྱིན་འགྲུལ་ལོག་བཏབ་མ་དགོ་པའི་ གནས་ཡུན་སྐབས་ལུ་ཕོག་མི་ སྐྱེད་ཚུ་འབད་བ་ཅིན་ སྐྱིན་འགྲུལ་བཏབ་མ་དགོ་པའི་གནས་ཡུན་དེ་ ཚང་བའི་སྐབས་ལུ་ ཐུན་ཚད་སྦེ་ ལོག་བཏབ་དགོཔ་ཨིན་པས།

ཨིན་རུང་ དངུལ་འབྲེལ་ཐབས་ལམ་ ཐེངས་༣ པ་དེ་ ལེགས་ཤོམ་སྦེ་ ལག་ལེན་འཐབ་ཚུགསཔ་ བཟོ་ནིའི་དོན་ལུ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ ཚད་ལྡན་ལག་ལེན་བྱ་རིམས་ཅིག་ ལོགས་སུ་སྦེ་ར་ བཟོ་དགོཔ་ཨིན་པས། 

དེ་བཟུམ་སྦེ་ དངུལ་འབྲེལ་སྲིད་བྱུས་ཀྱི་ཐད་ལུ་ རྒྱལ་ཁབ་ཀྱི་དཔལ་འབྱོར་ ཡུན་བརྟན་དང་ བཟོད་བསྲན་ཅན་སྦེ་ བསྐྱར་འཛུགས་འབད་ནིའི་དོན་ལུ་ གཞུང་གིས་ འཆར་གཞི་༡༢ པའི་ གསར་སྒྲུབ་མ་དངུལ་ལས་ བགོ་བཤའ་མཐོ་ཤོས་ བརྒྱ་ཆ་༣༣ འབད་མི་དེ་ རྩིས་ལོ་༢༠༢༡-༢༢ ཀྱི་དོན་ལུ་ བཞག་སྟེ་ཡོད་ཟེར་ཨིན་པས།

སྤྱི་ལོ་༢༠༡༩ འི་ ལྟ་བཤལ་དང་ ལྟ་བཤལ་དང་འབྲེལ་བའི་ལས་སྡེ་ དེ་ལས་ སྤྲོ་སྟོན་ཁང་ཚུ་གི་ འོང་འབབ་ཀྱི་ཁྲལ་ ཕར་ཕུད་འབད་ནི་ཚུ་ལུ་ རེ་རེ་བཞིན་དུ་སྦེ་ ལྟ་ཞིབ་འབད་ནི་ཨིན་པས།

ཚོང་ལས་ཁང་ཚུ་གིས་ ལས་སྡེ་དང་ ཚོང་འབྲེལ་གྱི་ཁྲལ་ཚུ་ ཐུན་ཚད་སྦེ་བཏབ་ནིའི་ གོ་སྐབས་སྤྲོད་ནི་དང་ བཟོ་གྲྭ་འཕྲུལ་ཁང་ཚུ་གིས་ གློག་མེའི་ཁྲལ་བཏབ་ནིའི་དུས་ཚོད་ ཕར་འགྱངས་འབད་ནི་དེ་ཡང་ གནད་དོན་ཚུ་དང་འཁྲིལ་ བསྟན་རྒྱས་ལྷན་ཁག་དང་ དངུལ་རྩིས་ལྷན་ཁག་༢ ཀྱིས་ དབྱེ་ཞིབ་འབད་དེ་བལྟ་ནི་སྦེ་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།

ད་ལྟོ་ ཟུར་བཞག་ལྟེ་བ་སྦེ་ ལག་ལེན་འཐབ་མི་ ཟ་ཁང་ཚུ་ལུ་ གློག་མེ་དང་ ཡོངས་འབྲེལ་ཝའི་ཕཱའི་ཚུ་ དུས་ཅི་ སྤྱི་ཟླ་༡༢ པ་ཚུན་ རིན་མེད་སྟོང་པར་གནང་ནི་དང་ གཞུང་གི་སྒྲིང་ཁྱིམ་ཚུ་ནང་ ཁང་གླར་གཞི་བཙུགས་འབད་མི་ ལྟ་བཤལ་དང་ མཁའ་འགྲུལ་གྱི་ཡིག་ཚང་ཚུ་ལུ་ཡང་ སྤྱི་ཟླ་༡༢ ཚུན་ ཁང་གླ་ཡང་ཆག་གཏང་ནི་ཨིན་པས།

དངུལ་འབྲེལ་སྲིད་བྱུས་དང་འབྲེལ་བའི་ ཐབས་ལམ་བཏོན་མི་ཚུ་ ཕན་ཐོགས་ཧིང་ ག་དེ་སྦེ་འདུག་ག་བལྟ་སྟེ་ དུས་ཅི་ སྤྱི་ཟླ་༡༢ པའི་ནང་ བསྐྱར་ཞིབ་འབད་ནི་དང་ དགོས་མཁོ་དང་འཁྲིལ་ ད་རུང་ ཕར་འགྱངས་འབད་འོང་ཟེར་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *