དངུལ་བཏོན་ཤོག་བྱང་གཡོ་འཕྲུལ་གྱི་ ཉེས་བཤེར་ནང་ རྩོད་ཟླ་༢༣ ངོ་བཏོན་འབད་ མ་ཚུགསཔ།

འདི་འབདཝ་ལས་ ཁྲིམས་འདུན་གྱི་ བཀའ་རྒྱ་དང་འཁྲིལ་ རྩོད་ཟླ་༢༣ གྱི་ རྩོད་བཤེར་བཤོལ་བཞག་འབད་དགོཔ་བྱུང་ནུག།

༉ ཕུན་ཚོགས་གླིང་དྲུང་ཁག་ཁྲིམས་ཀྱི་འདུན་སར་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཨེ་ཊི་ཨེམ་ཀཱཌ་ཟེར་མི་ དངུལ་བཏོན་ཤོག་བྱང་ཉོ་བཙོང་འཐབ་མིའི་ནང་ མི་གྲངས་༥༡ ལུ་ ཉེས་འཛུགས་བཀལ་ཡོད་མིའི་གྲས་ལས་༨ ཁྲིམས་འདུན་ལུ་ ཁྱིད་བསྐྱལ་མ་ཚུགསཔ་ལས་ སྤྱི་ཟླ་༧ པའི་ཚེས་༡༧ ལུ་ རྩོད་བཤེར་ཕྱིར་བཏོན་འབད་དགོཔ་ བྱུང་ཡོདཔ་ཨིན་པས།
ད་རུང་ ཁ་ཙ་ སྙན་གསན་མཛད་པའི་སྐབས་ ཁྲིམས་འདུན་གྱིས་ ངག་ཐོག་ལུ་ བཀའ་རྒྱ་གནང་མི་དང་འཁྲིལ་ ནང་གསུག་སྤྲོད་ལེན་འབད་བའི་ ཉེས་འཛུགས་ཕོག་མི་ རྩོད་ཟླ་༥༡ ལས་༡༥ གི་ རྩོད་བཤེར་དེ་ཡང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཕྱིར་བཏོན་འབད་ནི་སྦེ་ ཐག་བཅད་ནུག།
རྩོད་དོན་དེ་ནང་ རྒྱ་གར་གྱི་ ས་མཚམས་ཁྲོམ་སྡེ་ ཇའི་སྒང་ལུ་ ཚོང་རྐྱབ་སྡོད་མི་ སཱན་ཇིཊ་ཀུ་མར་ གུབ་ཏ་གིས་ འབྲུག་མི་༢༧༣ གྱི་ མིང་ཐོ་ལུ་ཡོད་མི་ དངུལ་བཏོན་ཤོག་བྱང་༣༢༠ ཉོ་ཐོག་ལས་ རྒྱ་གར་གྱི་ཏི་རུ་ རུ་པི་ས་ཡ་༡༠༦.༣༠༤ ཕྱིར་བཏོན་འབད་ཡོདཔ་ལས་ ཁོ་ལུ་ ནང་གསུག་རྐྱབ་པའི་ ཉེས་འཛུགས་ཁག་༥༩ བཀལ་ནུག།
དེ་ཡང་ སཱན་ཇིཊ་གུབ་ཏ་གིས་ འབྲུག་མི་༣༢༠ གི་ དངུལ་ཁང་རྩིས་ཁྲ་དང་ ཤོག་བྱང་ཚུ་ ལོག་སྤྱོད་འབད་དེ་ རུ་པི་ཡོངས་བསྡོམས་ས་ཡ་༡༠༦.༣༢༣ གནོད་འགེལ་འཐབ་སྟེ་ རྒྱལ་ཁབ་ཀྱི་ཕྱི་ཁར་ བཏང་ཡོདཔ་ད་ དེ་བཟུམ་སྦེ་ འབྲུག་མི་༥༠ ལུ་ འབྲུག་པའི་མི་ངོམ་༢༧༣ ལས་ ཤོག་བྱང་ལེན་ཏེ་ སཱན་ཇིཊ་ཀུ་མར་ གུབ་ཏ་ལུ་ བྱིན་མི་དང་ ཁེ་འཐུས་སམ་ ནང་གསུག་ལེན་པའི་ ཉེས་འཛུགས་འབད་ཡོདཔ་མ་ཚད་ ཁོ་གིས་ འབྲུག་མི་ཚུ་ལས་ དངུལ་བཏོན་ཤོག་བྱང་རེ་ལས་ ཁེ་འཐུས་དངུལ་ཀྲམ་༣༠༠ ལས་༢,༥༠༠ གི་བར་ན་ ལེན་ཡོད་པའི་ཁར་ འདི་བཟུམ་ལཱ་འབད་མི་ཚུ་ལུ་ ཟླ་རིམ་དངུལ་ཕོགས་ དངུལ་ཀྲམ་༡༠,༠༠༠ ལས་༡༥,༠༠༠ གི་བར་ན་ སྤྲོད་ནུག་ཟེར་ཨིན་པས།
རྩོད་རྩའི་ཁ་ཐུག་ལས་ འབྲུག་མི་༢༣ ཁྲིམས་ཀྱི་འདུན་སར་ བསྐྱལ་མ་ཚུགས་མི་དེ་ཡང་ ཁོང་གི་འགྲུལ་འཕྲིན་ཨང་གྲངས་ སོར་ཡོདཔ་མ་ཚད་ ད་ལྟོའི་ སྡོད་གནས་དང་ ལཱ་འབད་སའི་ ཁ་བྱང་ཚུ་ མེད་ནི་དེ་གིས་ཨིན་པས།
མ་གཞི་ ཁྲིམས་འདུན་ལས་ རྩོད་ཟླ་ཚུ་ ངོ་བཏོན་འབད་ནིའི་དོན་ལུ་ དུས་ཚོད་ལངམ་སྦེ་ གནང་ཡོད་རུང་ ཁོང་ག་ཏེ་སྡོདཔ་ཨིན་ན་ འཚོལ་མ་ཐོབ་ཟེར་ ཉེས་བཤེར་འབད་མི་ འགོ་དཔོན་གྱིས་ བཤདཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་འགོ་དཔོན་ཚུ་གིས་འབད་བ་ཅིན་ རྩོད་ཟླ་ཚུ་ ཁྲིམས་སར་ཁྱིད་བསྐྱལ་ཐོག་ལས་ ངོ་བཏོན་འབད་ནི་གི་ འགན་ཁུར་དེ་ ཁོང་ལུ་ མི་ཕོག་ཟེར་ཨིན་པས།
སྤྱི་ཟླ་༥ པའི་ཚེས་༡༩ ལུ་ རྒྱལ་ཡོངས་ཚོགས་འདུ་གིས་ སྤྱི་ལོ་༢༠༡༦ ལོའི་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ཐེངས་༡༠ པ་གུ་ གསུང་གྲོས་གནངམ་ད་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཁྲིམས་ཀྱི་འདུན་སར་ རྩོད་གཞི་ཐོ་བཀོད་འབད་བའི་སྐབས་ལུ་ ཉེས་འཛུགས་ཅན་ཚུ་ འབོད་བཀུག་འབད་ནིའི་ དབང་ཚད་མེདཔ་ལས་ འབོད་བཀུག་འདི་ དྲང་ཁྲིམས་ལྷན་སྡེ་གིས་ གནང་དགོ་པའི་ གྲོས་ཆོད་བཏོན་གནང་ནུག།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ཉེས་བཤེར་ལས་ཁུངས་ཀྱི་ རྩོད་དཔོན་གཙོ་འཛིན་ ཀུན་ལེགས་བསྟན་འཛིན་གྱིས་ སླབ་མིའི་ནང་ རྩོད་ཟླ་ཚུ་གི་ ཁ་བྱང་དང་ འབྲེལ་བ་འཐབ་སའི་ ཁ་གསལ་ཚུ་ ཞིབ་དཔྱད་འབད་མི་ལས་སྡེ་ ཁྲིམས་སྲུང་འགག་པ་ ཡང་ཅིན་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ བརྟེན་དོ་ཟེར་ཨིནམ་ད་ ཁྲིམས་འདུན་གྱིས་ རྩོད་ཟླ་ཚུ་ ངོ་བཏོན་འབད་དགོ་ཟེར་ བཀའ་རྒྱ་གནང་མི་དེ་ དངུལ་བཏོན་ཤོག་བྱང་གྱི་ རྩོད་དོན་རྐྱངམ་གཅིག་མེན་པར་ ཐིམ་ཕུག་ལུ་ རྩོད་གཞི་ལེ་ཤ་ཅིག་ར་ ཐོ་འཛིན་འབད་མ་བཏུབ་པར་ཡོད་ཟེར་ བཤདཔ་ཨིན་པས།
ཕུན་ཚོགས་གླིང་གི་ ཨེ་ཊི་ཨེམ་རྩོད་བཤེར་གྱི་ཐད་ལུ་ རྩོད་ཟླ་ཚུ་གི་ ཁ་བྱངདགོཔ་སྦེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཞིབ་དཔྱད་འགོ་དཔོན་ལུ་ ཡི་གུ་བཏང་ཡོད་རུང་ ཁ་གསལ་ཚུ་ བྱིན་མ་བཏུབ་ཟེར་ཨིནམ་ད་ ལྷན་ཚོགས་ཀྱིས་ ཁ་གསལ་ཚུ་ བྱིན་ཡོད་པ་ཅིན་ རྩོད་ཟླ་ཚུ་ ཕྱིར་བཏོན་འབད་དགོཔ་ མ་ཐོནམ་འོང་ཟེར་ བཤདཔ་ཨིན་པས།
སྤྱི་ཟླ་༤ པའི་ཚེས་༤ ལུ་ སྟ་གོན་སྙན་གསན་མཛདཔ་ད་ རྩོད་དཔོན་ངོ་ཚབ་ཀྱིས་ ཁྲིམས་འདུན་ལུ་ ཉེས་འཛུགས་ཅན་ སཱན་ཇིཊ་ཀུ་མར་གུབ་ཏ་དེ་ བྲོས་ཟུར་འབད་ནི་གི་ ཉེན་ཁ་སྦོམ་ཡོདཔ་ལས་ དོ་དམ་འོག་ལུ་ བཞག་གནང་དགོ་པའི་ ཞུ་བ་ཕུལ་རུང་ སྙན་གསན་མ་བཏུབ་ཨིན་པས།
སྟ་གོན་སྙན་གསན་ནང་ སཱན་ཇིཊ་ཀུ་མར་ གུབ་ཏ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ དེ་བསྒང་ རྩོད་དཔོན་ངོ་ཚབ་ཀྱིས་ ཁྲིམས་འདུན་ལུ་ གཞུང་གི་ཧོངས་ལས་ རྒྱ་གར་གཞུང་ལས་ འོས་ཚད་ལྡན་པའི་ རུ་པི་བསྐྱིན་འགྲུལ་ལེན་མིའི་ སྐྱེད་བརྒྱ་ཆ་༩.༧༥ བཀལ་ཏེ་ དངུལ་ཀྲམ་ས་ཡ་༡༠.༣༦༦ གཞུང་ལུ་ སོར་ཆུད་འབད་བཅུག་དགོ་པའི་ བཀའ་རྒྱ་གནང་དགོཔ་སྦེ་ཞུ་ནུག།
དེ་འབདཝ་ད་ སྟ་གོན་སྙན་གསན་གྱི་ཤུལ་ལས་ རྩོད་ཟླ་སཱན་ཇིཊ་ཀུ་མར་ གུབ་ཏ་དེ་ གར་སེང་མེད་པར་ བྱང་ད་ཡི་ཟེར་ རྩོད་དཔོན་ངོ་ཚབ་ཀྱིས་ བཤདཔ་ཨིན་པས།
དངུལ་བཏོན་ཤོག་བྱང་གཡོ་འཕྲུལ་ཐོག་ ཉོ་བཙོང་འཐབ་མིའི་སྐོར་ལས་ ཕུན་ཚོགས་གླིང་ལུ་ ཁྲིམས་སྲུང་འགག་པ་གིས་ སྤྱི་ལོ་༢༠༡༥ ཟླ་༨ པའི་ཚེས་༢༠ ལུ་ སཱན་ཇིཊ་ ཀུ་མར་གུབ་ཏ་དེ་ འཛིན་བཟུང་འབདཝ་ད་ ཁོ་ལས་ ཨེ་ཊི་ཨེམ་ཤོག་བྱང་༢༨ ཐོབ་པའི་ཤུལ་ལུ་ དེ་གི་ནངས་པར་ རྩོད་དོན་དེ་ རུ་པི་ཚུལ་མིན་ཐོག་ ཁ་སྒྱུར་བཏང་པའི་ གནད་དོན་ཅིག་ཨིན་མས་ཟེར་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ བཏང་ཡོདཔ་ཨིན་པས།
སཱན་ཇིཊ་ཀུ་མར་དེ་ བདུན་ཕྲག་༣ ལྷགཔ་ཅིག་གི་རིང་ དོ་དམ་འོག་ལུ་ བཞག་པའི་ཤུལ་ལུ་ འབའ་དངུལ་ཀྲམ་༢༠༠,༠༠༠ བཙུགས་བཅུག་སྟེ་ བཏང་ཡོདཔ་ཨིན་པས།
ལྷན་ཚོགས་ཀྱིས་ ཞིབ་དཔྱད་རྐྱབ་པའི་སྐབས་ སཱན་ཇིཊ་ཀུ་མར་ལས་ འབྲུག་གི་དངུལ་ཁང་གི་ དངུལ་བཏོན་ཤོག་བྱང་༣༥ དང་ འབྲུག་པཱན་ཇབ་རྒྱལ་ཡོངས་དངུལ་ཁང་གི་ ཤོག་བྱང་༡༡༦ འཕྱོག་བཟུང་འབད་ཡོདཔ་མ་ཚད་ རུ་པི་ཚོང་འབྲེལ་གྱི་དོན་ལུ་ ལག་ལེན་འཐབ་མི་ དངུལ་ཁང་གི་ རྩིས་ཁྲ་ཆ་མཉམ་ ཐོ་འཛིན་བཞག་མི་ ཉིན་དེབ་༢ ཐོབ་ཡོདཔ་བཞིན་དུ་ ཉིན་དེབ་ཚུ་ནང་ ཨེ་ཊི་ཨེམ་འཆང་སྤྱོད་འབད་མིའི་ མིང་ཚུ་དང་ རྒྱ་གར་ལས་ རུ་པི་བཏོན་ནིའི་ གསང་ཨང་ཚུ་བཀོད་དེ་ ཡོདཔ་ཨིན་པས།
ནུབ་བེང་གཱལ་གྱི་ས་གནས་ ཨ་ལི་པུར་ལས་ཨིན་མི་ སཱན་ཇིཊ་ཀུ་མར་གུབ་ཏ་དེ་ སྤྱི་ལོ་༢༠༠༤ ལས་༢༠༠༧ ཚུན་ ཇའི་སྒང་ལུ་ ཚོང་ཁང་ཅིག་ནང་ ལཱ་འབད་སྡོད་པའི་ཤུལ་ལས་ སྤྱི་ལོ་༢༠༠༨ ལུ་ ཁོ་རའི་ གྱོན་ཆས་ཚོང་ཁང་ཅིག་ འགོ་བཙུགས་ཡོད་རུང་ ས་མཚམས་ཁྲོམ་སྡེ་ཚུ་ནང་ རུ་པིའི་དཀའ་ངལ་ཐོན་ཞིནམ་ལས་ ཁོ་རའི་ ཚོང་ཁང་སྒོ་བསྡམས་ཏེ་ རུ་པིའི་ཚོང་འབྲེལ་འཐབ་ནི་ འགོ་བཙུགས་ཡོདཔ་ཨིན་པས།
དངུལ་བཏོན་ཤོག་བྱང་གི་ འཁྲུན་ཆོད་དེ་ ཤུལ་མའི་བདུན་ཕྲག་ནང་ གནང་ནི་གི་ ལས་འཆར་ཡོདཔ་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

ཆུ་འཛོམས་དང་ འཇིགས་མེད་ཆོས་གླིང་ལུ་ དངུལ་ཐོག་ཨ་ལཱན་ཅི་ཚུ་ལུ་ འབུབ་ཀྱིས་གནོད་སྐྱོན།

༉ གསར་སྤང་རྫོང་ཁག་ ཆུ་འཛོམས་དང་ འཇིགས་མེད་ཆོས་གླིང་རྒེད་འོག་༢ ཀྱི་ མི་སེར་ཚུ་གི་ དངུལ་ཐོག་གཙོ་ཅན་ཅིག་ཨིན་མི་ ཨ་ལཱན་ཅི་ཚུ་ལུ་ ངོས་འཛིན་འབད་མ་ཚུགས་པའི་ འབུབ་ཟུན་ཏེ་ཡོདཔ་ལས་ སོ་ནམ་པ་ཚུ་གིས་ གནད་དོན་དེ་གི་སྐོར་ལས་ སོ་ནམ་རྒྱ་སྐྱེད་ཡིག་ཚང་ལུ་ སྙན་ཞུ་འབད་དེ་ ཉིནམ་དག་པ་ཅིག་ …

Leave a Reply

Your email address will not be published. Required fields are marked *