དངུལ་ཕོགས་ཡར་སེང་གིས་ སློབ་དཔོན་ཚུ་ བདག་བཟུང་འབད་ནི་ལུ་ ལྷན་ཐབས་བྱུང་ཡོདཔ་ཨིན་ན?

༉ གཞུང་གིས་ དུས་ཅི་ སྤྱི་ཟླ་༧ པ་ལས་ ཞི་གཡོགཔ་ཚུ་གི་གྲས་ལས་ དངུལ་ཕོགས་དང་ འཐུས་མཐོ་ཤོས་ར་ མི་སྡེ་ནང་ ཕྱག་ཞུ་མི་ སློབ་གྲྭའི་སློབ་དཔོན་དང་ སྨན་བཅོས་ཀྱི་ ལས་གཡོགཔ་ཚུ་ལུ་ ཡར་སེང་འབད་མི་དེ་ཡང་ རང་སོའི་ཁྱད་གཡོག་ལུ་ སྤྲོ་བ་བསྐྱེད་བཅུག་སྟེ་ དགོངས་ཞུ་འགྱོ་མི་ མར་ཕབ་འབད་ཐབས་ལུ་ཨིན་མས།
གཞུང་གི་དམིགས་ཡུལ་དེ་ལུ་ མང་ཤོས་ཅིག་གིས་ ལེགས་བསྟོད་འབད་མི་དེ་ཡང་ རྒྱལ་ཁབ་ཀྱི་ མ་འོངས་པའི་ དབུ་ཁྲིད་འབད་ནི་ཨིན་མི་ ཨ་ལོ་ཚུ་ལུ་ སློབ་སྟོན་འབད་མི་ སློབ་དཔོན་ཚུ་དང་ མི་མང་ལུ་ གསོ་བའི་སྨན་བཅོས་ཞབས་ཏོག་མཁོ་སྤྲོད་འབད་མི་ དྲུང་འཚོ་དང་ གསོ་བའི་སྨན་པ་ཚུ་གི་ འགན་ཁུར་ལྕི་དྲགས་ཡོདཔ་ ཤེས་རྟོགས་ཡོད་མི་ལུ་བརྟེན་ཨིན་མས།
སློབ་དཔོན་ཚུ་གི་དོན་ལས་ སློབ་སྟོན་གྱི་འཐུས་ཡང་ བརྒྱ་ཆ་༢༠ ལས་༥༥ གི་བར་ན་ ཡར་སེང་འབད་མི་དེ་གིས་ སློབ་དཔོན་ཚུ་ གོ་སྐབས་གཞན་མ་འཚོལ་བར་ ཁོང་རའི་ཁྱད་གཡོག་ནང་ བདག་བཟུང་འབད་ཐབས་ཨིན་མས།
ཨིན་རུང་ སློབ་དཔོན་ཚུ་ དགོངས་ཞུ་སོང་མི་ མང་སུ་ཐོན་དོ་ཡོདཔ་ལས་ བདག་བཟུང་འབད་ནིའི་ དམིགས་ཡུལ་དང་ རྒྱབ་འགལ་འགྱོ་བའི་ མངོན་གསལ་བྱུངམ་ཨིན་མས།
ལོ་བསྟར་ཤེས་རིག་གནས་སྡུད་ཀྱི་ སྙན་ཞུ་༢༠༡༩ ཅན་མ་དང་འཁྲིལཝ་ད་ འདས་པའི་ལོ་༡ གི་ནང་འཁོད་ལུ་ སློབ་དཔོན་༤༨༠ དགོངས་ཞུ་འབད་མི་དེ་ ན་ཧིང་དང་ཕྱདཔ་ད་ བརྒྱ་ཆ་༣.༩༨ ཡར་འཕར་སོང་ཡོདཔ་ལས་ སློབ་དཔོན་ཚུ་ བདག་བཟུང་འབད་ནི་ལུ་ ལྷན་ཐབས་བྱུང་མ་ཚུགས་པས།
སྤྱི་ལོ་༢༠༡༨ ལུ་ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་དཔོན་༣༥༥ དང་ སྤྱི་ལོ་༢༠༡༧ ལུ་ སློབ་དཔོན་༣༤༥ དེ་ལས་ སྤྱི་ལོ་༢༠༡༦ ལུ་ སློབ་དཔོན་༢༩༠ དང་ སྤྱི་ལོ་༢༠༡༥ ལུ་ སློབ་དཔོན་༡༩༨ ཀྱིས་ དགོངས་ཞུ་འབད་མི་ཚུ་དང་ཕྱདཔ་ད་ འདས་པའི་ལོ་༡ ནང་ སློབ་དཔོན་བསྡོམས་༤༨༠ དགོངས་ཞུས་སོང་མི་དེ་ མཐོ་ཤོས་ཅིག་ཨིན་མས།
ད་རུང་ སྤྱི་ལོ་༢༠༡༩ ལུ་ གཞུང་གི་འབྲིང་རིམ་སློབ་གྲྭ་བར་མའི་ སློབ་དཔོན་ཚུ་ དགོངས་ཞུ་འབད་མིའི་ གནས་ཚད་བརྒྱ་ཆ་༥.༢ ལུ་ ལྷོད་མི་དེ་ འདས་པའི་ལོ་དང་ཕྱདཔ་ད་ བརྒྱ་ཆ་༠.༨ དེ་ཅིག་ ཡར་སེང་སོང་ཡོདཔ་ལས་ སྤྱིར་སྙོམས་ལུ་ འདས་པའི་ལོ་ནང་ དགོངས་ཞུའི་གནས་ཚད་ བརྒྱ་ཆ་༤.༢ ལུ་ ལྷོད་མི་དེ་ རྣམ་རྟོག་ལང་སི་སི་དང་ ཚ་གྱང་ལང་དགོཔ་ཅིག་ཨིན་མས།
ག་འཆརཔ་ཟེར་བ་ཅིན་ སློབ་དཔོན་ཚུ་ སློབ་སྟོན་གྱི་ ཉམས་མྱོང་ཐོབ་པའི་ཤུལ་ལུ་ དགོངས་ཞུ་འགྱོཝ་ད་ སློབ་ཕྲུག་ཚུ་ལུ་ སློབ་སྟོན་གྱི་ བར་ཆད་བྱུངམ་མ་ཚད་ ཤེས་ཡོན་གྱི་ སྤུས་ཚད་ལུ་ཡང་ ཐོ་ཕོགཔ་ཨིན་མས།
དངུལ་ཕོགས་དང་ འཐུས་ཡར་སེང་འབད་མི་དེ་གིས་ ང་བཅས་རའི་ སློབ་དཔོན་ཚུ་ དགོངས་ཞུ་འགྱོ་ནི་ལས་ བདག་བཟུང་འབད་མ་ཚུགས་པ་ཅིན་ ཐབས་ལམ་གཞན་ ག་ཅི་ཡོདཔ་ཨིན་ན?
དེ་སྦེ་བལྟཝ་ད་ ཁྱད་གཡོག་གི་ ལཱ་འབད་མི་ཚུ་ རང་སོའི་ལཱ་བཤོལ་བཞག་སྟེ་ འགྱོ་མི་དེ་ དངུལ་ཕོགས་རྐྱངམ་གཅིག་ལུ་བརྟེན་མེན་པར་ གནད་དོན་གཞན་འོང་ནི་བཟུམ་ཅིག་མཐོངམ་མས།
འདི་འབདཝ་ལས་ ང་བཅས་ཀྱིས་ སློབ་དཔོན་ཚུ་ ལཱ་འབད་སའི་ གནས་སྟངས་དང་ ཤེས་རིག་ལམ་ལུགས་ནང་ བྱ་སྟབས་མ་བདེཝ་དང་ ནོར་སྐྱོན་ག་ཅི་ར་ཡོདཔ་ཨིན་ན་ ལེགས་ཤོམ་སྦེ་ བརྟག་ཞིབ་འབད་བ་ཅིན་ ཧ་གོ་ཚུགས་ནི་བཟུམ་འདུག།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *