ཁ་ཙ་ ལྡོག་ཕྱོགས་ཚོགས་པ་གིས་ གནས་ཚུལ་ཞལ་འཛོམས་ འགོ་འདྲེན་འཐབ་པའི་བསྒང་།

དངུལ་ཕོགས་ཡར་སེང་གི་གྲོས་འདེབས་ མི་སྡེ་བརྡ་བརྒྱུད་ནང་ བཙུགས་མི་གིས་ དཔེ་ངན་སྟོན་ཡོདཔ།

༉ ལྡོག་ཕྱོགས་ཚོགས་པ་གིས་ ཁ་ཙ་ བརྡ་བརྒྱུདཔ་དང་གཅིག་ཁར་ ཕྱད་པའི་སྐབས་ གཞུང་གིས་ དངུལ་ཕོགས་ལྷན་ཚོགས་ཀྱི་ གྲོས་འདེབས་དེ་ འཕྲལ་ཁམས་ཅིག་ཁར་ མཇུག་བསྡུ་མི་ སྤྱི་ཚོགས་༣ པའི་ཚོགས་ཐེངས་༢ པའི་ནང་ གྲོས་བསྡུར་མ་འབད་བའི་ཧེ་མར་ མི་སྡེ་བརྡ་བརྒྱུད་ནང་ བཙུགས་མི་དེ་གིས་ དཔེ་བཟང་པོ་མ་སྟོན་ཟེར་ བཤད་ཅི།
ལྡོག་ཕྱོགས་འགོ་ཁྲིདཔ་ མཁས་དབང་པདྨ་རྒྱ་མཚོ་གིས་ བཤད་མིའི་ནང་་ གཞུང་གིས་ མི་སྡེ་བརྡ་བརྒྱུད་ནང་ བཙུགས་མི་ལུ་བརྟེན་ གཙུག་སྡེ་གཞན་གྱིས་ཡང་ དངུལ་ཕོགས་ལྷན་ཚོགས་ཀྱི་ གྲོས་འདེབས་ལུ་ ལགཔ་མ་རྐྱབ་ག་ཟེར་བའི་ དོགས་པ་སྦོམ་ཆགས་ཅི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གཞུང་གིས་ དངུལ་ཕོགས་ལྷན་ཚོགས་ གཞི་བཙུགས་མ་འབད་བའི་ཧེ་མར་ ཚོགས་པའི་ཁས་བླངས་དང་འཁྲིལ་ ཁ་བཀོད་ཚུ་ བྱིན་ཡོདཔ་འོང་ནི་ཨིན་རུང་ ལམ་ལུགས་དེ་བཟུམ་ འབད་མི་དེ་ལུ་ དྲི་བ་བཀོད་དགོཔ་འདུག་ཟེར་ཨིནམ་ད་ དེ་གིས་ མ་འོངས་པའི་གཞུང་ལུ་ དཔེ་ངན་པ་ཅིག་ མ་སྟོན་ག་ཟེར་བའི་ དོགས་པ་ཡོད་ཟེར་ཨིན་པས།
དངུལ་ཕོགས་ཡར་སེང་ལུ་ མ་དགའ་མི་ག་ཡང་མེདཔ་ལས་ མི་སྡེ་བརྡ་བརྒྱུད་ནང་ བཙུགས་པའི་ཤུལ་ལས་ གཞུང་ལུ་ གཙུག་སྡེ་ཚུ་གིས་ འཐུས་ཡར་སེང་འབད་ནི་ལུ་ ཨུ་ཚུགས་བྱིན་ཡོདཔ་བཟུམ་ མཐོང་སྣང་བྱུང་ཡི་ཟེར་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་ བཤད་པའི་ཁར་ མི་ག་ར་ སེམས་དགའ་བཅུག་ནི་དེ་ ལཱ་ཁག་ཡོད་རུང་ ལྷན་ཚོགས་ཀྱིས་ གྲོས་འདེབས་འབད་མི་དེ་ལུ་ གྲོས་བསྡུར་འབད་ཐོག་ལས་ འབད་ཡོད་པ་ཅིན་ བྱ་མཆིས་ཆི་ཡར་སོཔ་འོང་ཟེར་བཤད་ཅི།
ད་རེས་བཟུམ་འབད་བ་ཅིན་ མ་འོངས་པ་ལུ་ དངུལ་ཕོགས་ཀྱི་ གནད་དོན་དེ་ མི་མང་གི་སྦུག་ལུ་ ཡོངས་གྲགས་ཅན་བཟོ་ནིའི་ ཐབས་ལམ་བཟུམ་ཅིག་སྦེ་ མཐོང་འོང་ཟེར་ བཤད་པའི་ཁར་ ལྷན་ཚོགས་ཀྱི་ གྲོས་འདེབས་དེ་ ད་རུང་ རྒྱལ་ཡོངས་ཚོགས་འདུའི་ དཔལ་འབྱོར་དང་ དངུལ་རྩིས་ཚོགས་ཆུང་ལུ་ བསྐྱར་ཞིབ་འབད་བཅུག་པའི་ཁར་ རྒྱལ་ཡོངས་ཚོགས་སྡེ་གིས་ཡང་ གྲོས་བསྟུན་འབད་ཡོདཔ་ལས་ ལྷན་ཚོགས་ཀྱི་ གྲོས་འདེབས་ཚུ་ དྭངས་གསལ་ཅིག་ མ་འགྱོ་བས་ཟེར་བཤད་ཅི།
ལྡོག་ཕྱོགས་ཚོགས་པ་གིས་འབད་བ་ཅིན་ གསོ་བ་དང་ ཤེས་རིག་ནང་ ལཱ་འབད་མི་ཚུ་ལུ་ འཐུས་བྱིན་མི་དེ་ཡང་ ཐབས་ལམ་ལེགས་ཤོམ་ཅིག་སྦེ་ མ་མཐོང་ཟེར་ཨིན་པས།
འཐུས་བྱིན་མི་དེ་གིས་ དང་འདོད་ཅན་གྱི་ སྐུགས་ཚད་ལེགས་ཤོམ་ཐོབ་མི་ཚུ་གིས་ སློབ་དཔོན་ནང་ འཛུལ་ཞུགས་འབད་ནིའི་དོན་ལུ་ སྤྲོ་བ་བསྐྱེད་བཅུག་ནི་མེན་པར་ ད་ལྟོ་ཡོད་མི་ཚུ་ སློབ་དཔོན་ནང་ལས་ དགོངས་ཞུ་འབད་མ་བཅུག་པར་ བཞག་ཐབས་ཀྱི་ ཐབས་ལམ་ཅིག་ཨིནམ་ལས་ དེ་གིས་ ཤེས་རིག་གི་ སྤུས་ཚད་ལུ་ ཕན་ག་དེ་སྦེ་ ཐོགས་འོང་ག་ དོགས་པ་ཡོད་ཟེར་ བཤདཔ་ཨིན་པས།
ཨིན་རུང་ འཐུས་ཡར་སེང་འབད་མི་དེ་གིས་ ཤེས་རིག་དང་ གསོ་བའི་ཞབས་ཏོག་ནང་ སྤུས་ཚད་རྒྱ་ཆེ་དྲགས་སྦེ་ བསྒྱུར་བཅོས་འགྱོ་བའི་ རེ་བ་ཡོད་ཟེར་ ལྡོག་ཕྱོགས་ཚོགས་པའི་ འཐུས་མི་ཚུ་གིས་བཤད་ཅི།
དངུལ་ཕོགས་ཡར་སེང་དེ་ཡང་ གཞུང་གི་ཁས་བླངས་ལྟར་ ཡོདཔ་དང་མེད་མིའི་བར་ན་ ཁྱད་པར་ཉུང་སུ་བཟོ་ནི་ཟེར་མི་ལུ་ གཞི་བཞག་ནི་ཨིན་པ་ཅིན་ གོ་གནས་སྦོམ་ཡོད་མི་ཚུ་ལུ་ ཡར་སེང་བྱིན་དགོཔ་ཅིག་ སྡོད་ནུག་ཟེར་ཨིནམ་ད་ གལ་སྲིད་ གོ་གནས་སྦོམ་ཡོད་མི་ཚུ་ལུ་ ཡར་སེང་མེདཔ་སྦེ་ བཞག་པ་ཅིན་ གོ་གནས་ཆུང་བའི་ སྡེ་ཚན་ནང་ ཡོད་མི་ཚུ་ལུ་ ཐོབ་ལམ་ཡར་སེང་འབད་དེ་ ཁྱད་པར་ཉུང་སུ་བཟོ་ནིའི་ འོས་འབབ་མཐོང་ཡོད་རུང་ ཞི་གཡོགཔ་ཚུ་གི་བར་ན་ ཁྱད་པར་སྦོམ་བཟོ་དོ་བཟུམ་འདུག་ཟེར་ བཤདཔ་ཨིན་པས།
གཞུང་གིས་ འཐུས་ཡར་སེང་འབད་མི་དེ་གིས་ སྡེ་ཚན་དག་པ་ཅིག་ལུ་ གཙོ་རིམ་བཟུང་ཡོདཔ་ལས་ དེ་གིས་ཡང་ ཞི་གཡོགཔ་སྡེ་ཚན་གཞན་ཚུ་ལུ་ མ་དགའ་དོ་བཟུམ་མའི་ ཚོར་སྣང་འདུག་ཟེར་ཨིནམ་ད་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གནས་སྟངས་ལུ་བལྟ་རུང་ ལེགས་ཤོམ་ཅིག་མེདཔ་ལས ཡར་སེང་བྱིན་དགོཔ་ངེས་བདེན་རུང་ སྐབས་ཅིག་ བྱིན་དགོ་པའི་ དུས་ཚོད་བཟུམ་ཅིག་ མ་མཐོང་ཟེར་ཨིན་པས།
ང་བཅས་ཀྱི་ ཚོགས་པ་དེ་ དངུལ་ཕོགས་ཡར་སེང་ལུ་ རྒྱབ་སྐྱོར་མེདཔ་མེན་པར་ གནས་སྟངས་དང་འཁྲིལཝ་ད་ ཡར་སེང་གི་ གྲོས་འདེབས་དེ་ མི་སྡེ་བརྡ་བརྒྱུད་ནང་ བཙུགས་ནི་དེ་ འོས་ལྡན་ཅིག་ མ་མཐོང་ཟེར་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་ བཤད་པའི་ཁར་ མ་འོངས་པ་ལུ་ཡང་ དེ་བཟུམ་འབད་བ་ཅིན་ དངུལ་ཕོགས་ལྷན་ཚོགས་ཀྱི་ གྲོས་འདེབས་དེ་ རང་དབང་ཅན་གྱི་ ཚོགས་ཆུང་གིས་ཕུལ་ཡོད་རུང་ རྒྱབ་སྐྱོར་ཐོབ་ཚུགས་པར་ ལཱ་ཁག་འོང་ཟེར་ བཤདཔ་ཨིན་པས།
ཕྱོགས་གཅིག་ལས་ སློབ་དཔོན་ཚུ་ དགོངས་ཞུ་འབད་དེ་འགྱོ་བའི་ དཀའ་ངལ་ཡོད་རུང་ ཕྱོགས་གཅིག་ལས་ ལཱ་གཡོག་ནང་ བཙུགས་ནིའི་དོན་ལུ་ ལཱ་གཡོག་བཟོ་ཚུགས་པའི་ མ་རྩ་བཙུགས་ཏེ་མེདཔ་ལས་ དེ་གཉིས་ཀྱི་བར་ན་ འབྲེལ་གནད་ཅིག་ མི་མཐོང་པས་ཟེར་ ལྡོག་ཕྱོགས་ཚོགས་པ་གིས་ བཤད་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *