དར་དཀར་ནང་གི་ མི་སེར་ཚུ་གིས་ ཐ་ན་ཁོང་རའི་ ཁྱིམ་གྱི་མཐའ་འཁོར་ལས་ཕར་ཡང་ འཛུགས་སྐྱོང་འབད་མི་ ཨ་ལཱན་ཅི།

དངུལ་ཐོག་ཨ་ལཱན་ཅི་གི་ ཐོན་སྐྱེད་དང་ཚོང་འབྲེལ་ ལེགས་ཤོམ་མེདཔ།

༉ དར་དཀར་ནང་གི་ སོ་ནམ་པ་ཚུ་གིས་ འཚོ་བའི་གནས་སྟངས་ཀྱི་དོན་ལུ་ དངུལ་ཐོག་ཚལ་ལུ་དང་ ཨ་ལཱན་ཅི་ལུ་ བརྟེན་སྡོད་དོ་ཡོདཔ་ཨིན་རུང་ ན་ཧིང་གི་ལོ་ནང་ ཐོན་སྐྱེད་ལེགས་ཤོམ་མེདཔ་མ་ཚད་ ཚོང་འབྲེལ་ཡང་ ལེགས་ཤོམ་སྦེ་ འགྱོ་མ་བཏུབ་ནི་དེ་གིས་ སེམས་ཕམ་བྱུང་ནུག།
ས་གནས་ཀྱི་ མི་སེར་ཚུ་གིས་ ཁོང་ལུ་ ས་ཞིང་ཨེ་ཀར་༣ དེ་ཅིག་ཡོད་པ་ཅིན་ བཟའ་ཚང་གི་དོན་ལུ་ ཚོད་བསྲེ་འཛུགས་སྐྱོང་འབད་ནིའི་དོན་ལུ་ ས་ཞིང་དུམ་གྲ་ཅིག་ བཞགཔ་མ་གཏོགས་ ས་ཆ་གཞན་ག་ར་ ཨ་ལཱན་ཅི་དང་ ཚལ་ལུ་འཛུགས་སྐྱོང་འབད་དོ་ཡོདཔ་ཨིན་པས།
སྐྱེས་ལོ་༣༧ ལང་མི་ ག་ནེཤི་གི་ ཁྱིམ་གྱི་མཐའ་འཁོར་དང་ ཁྱིམ་གྱི་ཉེ་འདབས་ལུ་ ས་ཆ་ཨེ་ཀར་༢ དེ་ཅིག་ཡོད་མི་ ག་ར་ནང་ ཨ་ལཱན་ཅི་ འཛུགས་སྐྱོང་འབད་ཡོདཔ་ཨིན་པས།
ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ འགོ་དང་པ་ ཨ་ལཱན་ཅི་འཛུགས་སྐྱོང་འབད་བའི་སྐབས་ ལོ་༣ དེ་ཅིག་གི་རིང་ དོག་མ་མ་བཏགས་ནི་དེ་གིས་ འོང་འབབ་བཟོ་མ་ཚུགས་པའི་ཁར་ ཤུལ་ལས་ དོག་མ་བཏགས་རུང་ ཐོན་སྐྱེད་ལེགས་ཤོམ་མེད་ནི་དེ་གིས་ ལཱ་འབད་ནིའི་ སེམས་ཤུགས་ཉམས་འགྱོཝ་མས་ཟེར་ཨིན་པས།
ཨ་ལཱན་ཅི་འཛུགས་སྐྱོང་འབད་ཞིནམ་ལས་ འཕྲལ་འཕྲལ་སྦེ་ར་ གཡུར་མ་རྐྱབ་ནི་ལ་སོགས་པ་འབད་དགོཔ་ལས་ ཁོ་རའི་ཁྱིམ་ནང་ ཨམ་སྲུ་དང་ ཁོ་ར་རྐྱངམ་གཅིག་འབད་ནི་དེ་གིས་ གཡུས་ཁ་ལས་ ལས་མི་འཚོལ་ཞིནམ་ལས་ ཁོང་ལུ་འབད་བཅུག་པའི་མཐའ་མར་ ལོ་ཐོག་བསྡུ་བའི་བསྒང་ལས་ ཁོང་ལུ་སྤྲོད་མི་ གླ་ཆ་དེ་ཡང་ འཐོབ་ཚུགས་པར་ ལཱ་ཁག་རྐྱབ་མས་ཟེར་ཨིན་པས།
སྤྱི་ལོ་༢༠༡༦ ལུ་ ག་ནེཤ་གིས་ ས་ཆ་ཨེ་ཀར་༢ འབད་མི་ནང་ ཨ་ལཱན་ཅི་འཛུགས་སྐྱོང་འབད་མི་དེ་གིས་ འོང་འབབ་དངུལ་ཀྲམ་འབུམ་༢ དེ་ཅིག་བཟོ་ཡོདཔ་ད་ དེ་གིས་ བཟའ་ཚང་གི་འཚོ་སྐྱོང་འཐབ་ནི་ནང་ ཕན་སྦོམ་ཐོགས་ཡོདཔ་ཨིན་རུང་ ན་ཧིང་གི་ལོ་ནང་ དངུལ་ཀྲམ་༧༠,༠༠༠ དེ་ཅིག་ལས་ ཐོབ་མ་ཚུགས་ཟེར་ཨིན་པས།
དེ་བཟུམ་སྦེ་ སོ་ནམ་པ་ སངས་རྒྱས་ཀྱིས་འབད་བ་ཅིན་ མི་སེར་སོ་ནམ་མང་ཤོས་ཅིག་གིས་ འཚོ་སྐྱོང་གི་དོན་ལུ་ དངུལ་ཐོག་ཨ་ལཱན་ཅི་དང་ ཚལ་ལུ་འཛུགས་སྐྱོང་འབད་དོ་བཟུམ་སྦེ་ ཁོ་ལུ་ ས་ཆ་ཨེ་ཀར་ཕྱེད་དང་༣ ཡོད་མི་དེ་ནང་ ཨ་ལཱན་ཅི་དང་ ཚལ་ལུ་བཙུགས་ཏེ་ཡོདཔ་སྦེ་ཨིན་པས།
འཕྲལ་འཕྲལ་དངུལ་ཐོག་གཉིས་ཆ་ར་ ཚོང་འབྲེལ་ལེགས་ཤོམ་འགྱོ་མི་དེ་གིས་ འོང་འབབ་འབོར་ཆེ་ཏོག་ཏོ་བཟོ་སྟེ་ སེམས་དགའ་དགོཔ་བྱུང་དོ་ཡོདཔ་ཨིན་རུང་ ན་ཧིང་འབད་བ་ཅིན་ ཚལ་ལུ་དང་ ཨ་ལཱན་ཅི་གཉིས་ཆ་ར་གི་ གོང་ཚད་ལེགས་ཤོམ་མེདཔ་མ་ཚད་ ཚོང་འབྲེལ་ཡང་ ལེགས་ཤོམ་མེད་མི་དེ་གིས་ སོ་ནམ་པ་ཚུ་ དཀའ་སྡུག་མྱོང་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མ་གཞི་ཚོད་བསྲེ་འཛུགས་སྐྱོང་འཐབ་སྟེ་ བདུན་རིམ་བཞིན་དུ་ བཙོང་ཚུགས་པ་ཅིན་ འོང་འབབ་ལེགས་ཤོམ་བཟོ་ཚུགས་ནི་ཨིན་རུང་ ཚོད་བསྲེ་གི་ལཱ་ མང་བའི་ཁར་ དར་དཀར་ནང་བཟུམ་མའི་ས་གནས་ནང་ མི་རློབས་ཉུང་ནི་དེ་གིས་ མི་སེར་སོ་ནམ་པ་མང་ཤོས་ཅིག་གིས་ དངུལ་ཐོག་ལུ་ ཤུགས་བཏོནམ་མས་ཟེར་ཨིན་པས།
མ་འོངས་པ་ལུ་ ཚོད་བསྲེ་ཉོ་མི་ ལེ་ཤ་འོང་ནི་དང་ ཡང་ཅིན་ ཚོད་བསྲེ་འབག་འགྱོ་སའི་ས་གནས་ཅིག་ གྲ་སྒྲིག་ཡོད་པ་ཅིན་ ཚོད་བསྲེའི་ལཱ་འབད་ནི་ལུ་ སེམས་ཤུགས་བསྐྱེད་ཚུགས་ནི་མས་ཟེར་ཨིན་པས།
ད་རེས་ནངས་པར་ ན་གཞོན་ཚུ་གིས་ གཡུས་ཁ་མ་སྡོད་པར་ ཁྲོམ་ཁར་ གཡོག་ཆུང་ཀུ་ཅིག་ཨིན་རུང་ འཐོབ་ཚུགས་པ་ཅིན་ཟེར་ འགྱོ་མི་དེ་ གཡུས་ཁ་ལུ་ དཀའཝ་སྤྱད་དེ་ ལཱ་འབད་བའི་མཐའ་མར་ གྲུབ་འབྲས་མེད་ནི་དེ་གི་ འོང་ནི་མས་ཟེར་ཨིན་པས།
སོ་ནམ་པ་ཟེར་བའི་བསྒང་ལས་ ཉིམ་གིས་འཚིགས་པའི་ཁར་ ཆརཔ་གིས་སྦང་རུང་ རང་གི་ལཱ་དེ་ མ་ཚརཝ་ཚུན་ཚོད་ དཀའཝ་སྤྱད་དེ་ འབད་དགོ་མི་དེ་ མི་སེར་ག་ར་གིས་ མཐོང་ས་ཨིན་ཟེར་ སངས་རྒྱས་ཀྱིས་ བཤདཔ་ཨིན་པས།
དེ་འབདཝ་ལས་ མ་འོངས་པ་ལུ་ གནས་སྟངས་ཚུ་ ཡར་དྲག་འགྱོ་སྟེ་ ན་གཞོན་ཚུ་གིས་ གཡུས་ཁར་སྡོད་དེ་ ལཱ་འབད་ནི་གི་ རེ་བ་བསྐྱེད་དོ་ཟེར་ སླབ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

 

About admin

Check Also

བསམ་གཏན་གླིང་ལུ་ སྤུན་ཆ་༤ གིས་ རྒཔོ་དང་དམངས་མི་ ཚོགས་པའི་གོ་གནས་ལུ་དོ་འགྲན་འབད་དོ་ཡོདཔ།

༉ གསར་སྤང་བསམ་གཏན་གླིང་རྒེད་འོག་དང་ བསམ་གཏན་སྒང་གི་ སྤོག་ཏོ་གུ་ གཡུས་ཚན་ཆུང་ཀུ་ཅིག་ཡོད་མི་ ཁེངས་པ་སྒང་ལས་ འཕྲལ་མགྱོགས་འགོ་འདྲེན་འཐབ་ནི་ཨིན་མི་ ས་གནས་གཞུང་གི་ བཙག་འཐུའི་ནང་ དོ་འགྲན་འབད་མི་ འདེམས་ངོ་མཐོ་ཤོས་ཡོདཔ་ཨིན་པས།ཐ སྤྱི་འོག་དེ་ནང་ལས་ རྒཔོ་དང་ དམངས་མི་ ཚོགས་པ་ཚུ་གི་དོན་ལུ་ …

Leave a Reply

Your email address will not be published. Required fields are marked *