དངུལ་ཀྲམ་ས་ཡ་༡༧ ལྷགཔ་ཅིག་ ལོག་སྤྱོད་འབད་ཡོདཔ།

༉ རྩི་རང་ལུ་ འབྲུག་གོང་འཕེལ་དངུལ་ཁང་གི་ ཡན་ལག་ཡིག་ཚང་ནང་ ལཱ་འབད་མི་ ལས་བྱེདཔ་ཨམ་སྲུ་༢ ཀྱིས་ ཚུལ་མིན་ཐོག་ལས་ དངུལ་ཀྲམ་ས་ཡ་༡༧ དེ་ཅིག་ ལོག་སྤྱོད་འབད་ཡོད་པའི་ ཉེས་འཛུགས་འབད་འདུག།
ཨམ་སྲུ་༢ ཀྱིས་ ཡན་ལག་ཡིག་ཚང་ནང་ སྤྱི་ལོ་༢༠༡༢ ལས་༢༠༡༩ འི་ ཟླ་༣ པ་ཚུན་ ལོ་༧ གྱི་རིང་ ཏི་རུ་སྤྲོད་ལེན་སྦེ་ སྡོད་པའི་སྐབས་ལུ་ ཚུལ་མིན་ཐོག་ལས་ མི་གཞན་གྱི་ཏི་རུ་ ལོག་སྤྱོད་འབད་ཡོདཔ་ཨིན་པས།
འབྲུག་གོང་འཕེལ་དངུལ་ཁང་གི་ འཛིན་སྐྱོང་པ་གིས་ དུས་ཅི་ སྤྱི་ཟླ་༣ པའི་ཚེས་༥ ལུ་ ཨམ་སྲུ་༢ ཀྱིས་ གཞན་གྱི་རྩིས་ཁྲ་ནང་ གསོག་འཇོག་འབད་མི་ ཏི་རུ་ཚུ་ གཡོ་སྒྱུའི་ཐོག་ལས་ སྤྱོད་ཡོད་པའི་གནད་དོན་ཚུ་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ནུག།
ཁྲིམས་སྲུང་འགག་པ་གིས་ ཨམ་སྲུ་༢ འཛིན་བཟུང་འབད་ཞིནམ་ལས་ ཞིབ་དཔྱད་འབདཝ་དང་འབྲེལ་ འབྲུག་གོང་འཕེལ་དངུལ་ཁང་གི་ འཛིན་སྐྱོང་པ་གིས་ ངན་ལྷད་བཀག་སྡམ་ལྷན་ཚོགས་ལུ་ ཞིབ་དཔྱད་འབད་དགོ་པའི་ སྙན་ཞུ་འབད་ཡོདཔ་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབད་བའི་སྐབས་ལུ་ ངོས་འཛིན་བྱུང་མིའི་ནང་ ཨམ་སྲུ་༢ ཀྱིས་ འབྱོར་འཛིན་རྫུས་མ་སྤྲོད་ཐོག་ལས་ རྩིས་ཁྲ་ནང་མ་བཙུགས་པར་ ལོག་སྤྱོད་འབད་ནུག་ཟེར་ཨིན་པས།
ཨམ་སྲུ་༢ ཀྱི་འགན་ཁུར་དེ་ ཚོང་མགྲོན་པ་ཚུ་གི་ དངུལ་རྩིས་ཚུ་ ཕར་ཚུར་བྱིན་ནི་དང་ ལེན་ནི་ དེ་ལས་ གསོག་འཇོག་རྩིས་ཁྲ་ནང་ དངུལ་བཙུགས་པར་འོངམ་ད་ ཞབས་ཏོག་བྱིན་ནི་དང་འབྲེལ་ དོགས་སེལ་འབད་ནི་དང་ རྩིས་ཁྲ་གཏོན་བྱིན་ནི་ དེ་ལས་ ཤོག་གུའི་ལཱ་ཚུ་ འབད་དགོཔ་ཨིན་ཟེར་བཀོད་ནུག།
ཨིན་རུང་ ཨམ་སྲུ་༢ ཀྱིས་ དངུལ་གསོག་འཇོག་བཞག་མི་ ཚོང་པ་ཚུ་གི་མིང་ཐོ་ལས་ ཏི་རུ་གཏོན་ནིའི་དོན་ལུ་ ཚོང་པ་ཚུ་གི་ ས་ཡིག་རྫུས་མ་རྐྱབ་སྟེ་ རྩིས་ཁྲ་ནང་ལས་ ཏི་རུ་བཏོན་འབག་མ་ཚད་ ཏི་རུ་བཙུགས་མི་ཚུ་ཡང་ ཐད་ཀར་དུ་ ཚོང་པ་དེ་གི་ རྩིས་ཁྲ་ནང་མ་བཙུགས་པར་ གཞན་གྱི་རྩིས་ཁྲ་ནང་བཙུགས་བཞག་ནི་དང་ ཡང་ཅིན་ ལོག་སྤྱོད་འབད་ནུག་ཟེར་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ སྙན་ཞུ་ནང་ བཀོད་ཡོདཔ་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཤེས་རྟོགས་བྱུང་མི་དང་འཁྲིལཝ་ད་ ཨམ་སྲུ་༢ ཀྱིས་ ཚུལ་མིན་ཐོག་ལས་ བྱ་ངན་འབད་མི་དེ་ ཚོང་མགྲོན་པ་ཚུ་གིས་ ཧ་གོ་ནུག་ཟེར་ཨིནམ་ད་ ཁོང་གིས་ འབྲི་ལྷག་མ་ཤེས་མི་ ཚོང་མགྲོན་པ་ཚུ་ལུ་ དམིགས་གཏད་བསྐྱེད་དེ་ ལཱ་ངན་འབད་ནུག་ཟེར་ཨིན་པས།
ཁོང་༢ ལས་༡ གིས་ སྤྱི་ལོ་༢༠༡༡ ལུ་ གཙུག་ལག་འོག་མའི་ ཚོང་འབྲེལ་ཤེས་ཚད་ མཐར་འཁྱོལ་བའི་ཤུལ་ལུ་ དངུལ་ཁང་ནང་ འཛུལ་ཞུགས་འབད་ཡོདཔ་ད་ གཞན་མི་དེ་གིས་ སྤྱི་ལོ་༢༠༡༢ ལུ་ འཛུལ་ཞུགས་འབད་ནུག།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ དུས་ཅི་ སྤྱི་ཟླ་༡༠ པའི་ཚེས་༧ ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ སྙན་ཞུ་འབད་ཡོདཔ་ད་ ཨམ་སྲུ་༢ ཀྱིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་བཅའ་ཁྲིམས་༢༠༡༡ ཅན་མའི་དགོངས་དོན་ལས་འགལ་བའི་ཁར་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ལས་ཡང་ འགལ་སོ་ནུག་ཟེར་ ཉེས་འཛུགས་བཀོད་དེ་འདུག།
ཁོང་༢ ཀྱིས་ མི་སྡེ་གོང་འཕེལ་གཏང་ནིའི་དོན་ལུ་ གཞི་བཙུགས་འབད་མི་ དངུལ་ཁང་གི་ མིང་གཏམ་མེདཔ་ བཏང་བའི་ཁར་ གཡོ་སྒྱུའི་ཐོག་ལས་ མི་སེར་ཉམ་ཆུང་ཚུ་གི་ཏི་རུ་ ལོག་སྤྱོད་འབད་ནུག་ཟེར་ བཀོད་ཡོདཔ་ཨིན་པས།
དངུལ་ཁང་གི་ ལས་བྱེདཔ་ཨམ་སྲུ་༢ ཀྱིས་ ཁྲིམས་སྲུང་འགག་པའི་དོ་དམ་འོག་ལུ་ ཉིན་གྲངས་༣༣ སྡོད་པའི་ཤུལ་ལས་ གནས་སྐབས་ཅིག་ འཐུས་བཏབ་སྟེ་ ཕྱི་ཁར་ཐོན་ཡོདཔ་ད་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ གནད་དོན་དེ་གི་ཐོག་ལུ་ ཞིབ་དཔྱད་ཚུ་ འཕྲོ་མཐུད་འབད་དོ་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *