དང་འདོད་བསྐྱེད་མི་ ལེ་ཤ་ཐོན་མི་དེ་ ལེགས་པའི་བརྡ་མཚོན་ཅིག་ཨིནམ།

༉ སང་ཕོད་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ འགོ་འདྲེན་འཐབ་པའི་སྐབས་ དོ་འགྲན་འབད་ནིའི་དོན་ལུ་ དང་འདོད་བསྐྱེད་མི་ མི་ངོམ་གྱི་གྱངས་ཁ་ ལེ་ཤ་ཐོན་མི་ལུ་ལྟཝ་ད་ ངོས་ལེན་ལེགས་ཤོམ་ཡོད་པའི་ བརྡ་མཚོན་གསལ་སྟོན་ འབདཝ་ཨིན་མས།
ད་ལྟོའི་ གནས་སྟངས་ནང་བཟུམ་ཅིག་འབད་བ་ཅིན་ དང་འདོད་ཅན་གྱི་ མི་ངོམ་ཚུ་ ཐོ་བཀོད་འབད་ནིའི་བྱ་རིམ་ འགོ་མ་བཙུགས་མི་ལུ་བརྟེན་ མི་ངོམ་གྱི་གྱངས་ཁ་དེ་ ད་རུང་ བསྒྱུར་བཅོས་འགྱོ་ནི་བཟུམ་ཅིག་འདུག།
རྫོང་ཁག་༢༠ ལས་ མི་ངོམ་བསྡོམས་༡༢༨ ཐོན་མིའི་གྲས་ལས་ ཨམ་སྲུ་༧ གྱིས་ འབྲུག་གི་བཙག་འཐུ་ལྷན་ཚོགས་དང་གཅིག་ཁར་ ཐོ་བཀོད་འབད་ཡོདཔ་ད་ དེ་ཡང་ གཙོ་བོ་ར་ བཙག་འཐུའི་ཁྲིམས་ལུགས་ཀྱི་ གྲོས་བསྡུར་ཞལ་འཛོམས་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ཨིན་མས།
ད་ལྟོ་ཚུན་ གོ་གནས་གུ་ཡོད་མི་ཚུ་མ་བརྩིས་བར་ བསྐྱར་ཞིབ་ཚོགས་ཁང་གི་ སྡོད་ཁྲིའི་དོན་ལུ་ དོ་འགྲན་འབད་ནི་གི་ དང་འདོད་བསྐྱེད་མི་གསརཔ་ ལེ་ཤ་ཐོན་མི་དེ་ མཐོ་ཤོས་ཅིག་ཨིན་པའི་ མངོན་གསལ་བྱུངམ་ཨིན་མས།
རྒྱལ་ཁབ་ནང་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ འགོ་དང་པའི་སྐབས་ རྫོང་ཁག་༥ ལས་ དང་འདོད་ཅན་གྱི་ མི་ངོམ་འཐོན་མི་ མེད་པ་ལུ་བརྟེན་ བཙག་འཐུ་གོ་རིམ་༢ སྦེ་ འགོ་འདྲེན་འཐབ་དགོཔ་བྱུང་ཡོདཔ་ད་ སྤྱི་ལོ་༢༠༠༧ གྱི་ཟླཝ་༡༢ པའི་ནང་ རྫོང་ཁག་༡༥ འི་དོན་ལུ་ གོ་རིམ་དང་པའི་ བཙག་འཐུ་འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ ལྷག་ལུས་རྫོང་ཁག་ མགར་ས་དང་ ཧཱ་ ལྷུན་རྩེ་ བཀྲིས་གཡང་རྩེ་ དེ་ལས་ ཐིམ་ཕུག་གི་དོན་ལུ་ སྤྱི་ལོ་༢༠༠༨ ཀྱི་ཟླཝ་༡ པའི་ནང་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་འགོ་དང་པའི་ནང་ ཨམ་སྲུ་༦ བརྩིས་ཏེ་ མི་ངོམ་བསྡོམས་༥༢ ཐོན་ནུག།
སྤྱི་ལོ་༢༠༡༣ ལུ་ བཙག་འཐུ་ལྷན་ཚོགས་ཀྱིས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ཐེངས་༢ པའི་དོན་ལུ་ དོ་འགྲན་འབད་མི་ ཨམ་སྲུ་༤ བརྩིས་ཏེ་ མི་ངོམ་༦༧ ཐོ་བཀོད་འབད་ཡོདཔ་ད་ དེ་བསྒང་ བསམ་རྩེ་ལས་ མི་ངོམ་༧ དང་ སྤ་རོ་ལས་༥ ཐོན་མི་དེ་ མཐོ་ཤོས་ཅིག་ཨིན་མས།
ད་རེས་འབདཝ་ད་ གྱངས་ཁ་དེ་ ཧ་ལམ་ལོག་ལྟབ་ཀྱིས་ ཡར་སེང་སོང་ཡོདཔ་ད་ དེ་ཡང་ བསམ་རྩེ་དང་ སྤ་རོ་ལས་ དང་འདོད་ཅན་གྱི་ མི་ངོམ་༤ རེ་དང་ དར་དཀར་ནང་ལས་༡༨ ཐོན་མི་དེ་ མཐོ་ཤོས་ཨིནམ་ད་ དེ་གི་ཤུལ་ལས་ར་ མོང་སྒར་ལས་༡༣ དང་ རྩི་རང་ལས་༡༠ ཐོན་ཡོདཔ་ད་ སྤྱིར་སྙོམས་ལུ་ རྫོང་ཁག་རེ་ལས་ མི་ངོམ་༦ དེ་རེ་ ཐོན་ནུག།
བསྒྱུར་བཅོས་མ་འགྱོ་མི་དེ་ར་ ཨམ་སྲུའི་གྱངས་ཁ་དེ་ཨིནམ་ད་ དེ་ཡང་ བཙག་འཐུ་ཐེངས་དང་པའི་ནང་ མི་ངོམ་༦ དང་ ཐེངས་༢ པའི་ནང་༤ དེ་ལས་ སང་ཕོད་ཀྱི་བཙག་འཐུ་ནང་༧ དེ་ཅིག་ འཐོན་ནིའི་འོས་འཚམས་འདུག།
མ་གཞི་ བརྟག་ཞིབ་དང་འཁྲིལཝ་ད་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ ཕོ་མོའི་དབྱེ་བ་མེད་པའི་ གསལ་སྟོན་བྱུང་རུང་ མི་སྡེ་ནང་ ད་ལྟོའི་བར་ན་ཡང་ ཨམ་སྲུ་དང་ཕྱདཔ་ད་ ཕོ་སྐྱེས་ཚུ་ འགོ་ཁྲིདཔ་འབད་ནི་ལུ་ ལྕོགས་གྲུབ་ཡོད་པའི་ མནོ་ལུགས་དེ་ སྤང་དགོཔ་འདུག།
རྒྱལ་ཡོངས་ཚོགས་སྡེ་དེ་ མི་སྡེའི་ སྲིད་དོན་བྱ་རིམ་ནང་ གལ་གནད་ཅན་གྱི་ འགན་ཁུར་འབག་མི་ སྲིད་དང་འབྲེལ་བ་མེད་པའི་ གཙུག་སྡེ་ཅིག་ཨིནམ་ལས་ གཞུང་སྐྱོང་ཚོགས་པ་དང་ ལྡོག་ཕྱོགས་ཚོགས་པའི་ ལཱ་འགན་དང་བྱ་རིམ་ཚུ་ ལྟ་རྟོག་དང་ བསྐྱར་ཞིབ་འབད་བའི་ཁར་ རྒྱལ་ཡོངས་ཀྱི་གནད་དོན་དང་ བཅའ་ཁྲིམས་དང་འབྲེལ་བའི་ གནད་དོན་ཚུ་གི་ཐོག་ལུ་ གྲོས་བསྡུར་འབད་མི་ཅིག་ཨིན།
ཤུལ་མའི་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ལུ་བརྟེན་ ང་བཅས་རའི་ དམངས་གཙོའི་རིང་ལུགས་ནང་ མདུན་སྐྱོད་ག་དེམ་ཅིག་འབད་ཡོདཔ་ཨིན་ན་ ཤེས་རྟོགས་འབྱུང་ཚུགས་ནི་མས་ཟེར་ ཞུ་ནི་ཨིན།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *