དང་ཕུའི་མནོ་ལུགས་བ་ གཅིག་མཐུན་ཁག་ཆེ།

༉ བླ་མའི་གྲྭཔ་ རྒྱོ་བོ་རྒྱམོ་ གཞུངམ་འབྱ་རྫིཔ་ ཁུད་དང་རྒྱོ་བོ་ གྲྭ་པ་ ཟ་པ་ ནང་ཟན་ ཟ་བྲན་རིང་ལུགས་ཚུ་ དང་ཕུའི་དུས་ལུ་ རྒྱལ་ཁབ་ནང་ དབང་ཤུགས་ཅན་དང་ འབྱོར་པ་ཅན་ཚུ་གི་འོག་ལུ་ མི་ཚེ་གང་ གཡོག་རྒྱུག་སྡོད་མི་ཚུ་ལུ་ སླབ་སྲོལ་ཡོདཔ་ཨིན་མས།
དེ་ཡང་ དང་ཕུའི་དུས་ལུ་ འབྲུག་པའི་མི་སེར་མང་ཤོས་ར་ དབང་ཤུགས་ཅན་དང་ སྦྱིན་བདག་ཚུ་གི་འོག་ལུ་ དཀའཝ་སྤྱད་དགོཔ་ བྱུང་མི་དེ་ གཙོ་བོ་ར་ རྒྱལ་ཁབ་ཡར་རྒྱས་མ་འགྱོ་བའི་ཁར་ མི་ཚུ་ཡང་ ད་རིས་བཟའན་ ནངས་པ་ཆད་པའི་ དུས་སྐལ་ཡང་ཁྲ་བའི་སྐབས་ལུ་ འབད་ནི་དེ་གིས་ཨིན་མས།
དེ་འབད་བ་ལུ་བརྟེན་ ཟ་བྲན་ལམ་ལུགས་ དར་ཁྱབ་ཆེ་དྲགས་སྦེ་ ཡོད་པའི་ཁར་ མིང་གནས་ཡང་ འདྲ་མ་འདྲཝ་ལེ་ཤ་ སླབ་ནི་ཡོདཔ་ད་ དཔྱེ་འབད་བ་ཅིན་ དགོན་པ་ལུ་སྡོད་དེ་ མི་ཚེ་སྐྱོང་མི་ལུ་ བླ་མའི་གྲྭཔ་ཟེར་ སླབ་སྲོལ་ཡོད་པའི་ཁར་ སྤུ་ན་ཁ་ལུ་འབད་བ་ཅིན་ གཞུངམ་འབྱ་རྫིཔ་ཟེར་ འབྱ་བསྲུང་མི་དང་ དར་དཀར་ནང་ རྫོང་ཁག་བཟུམ་ཅིག་ནང་འབད་བ་ཅིན་ ཁུད་དང་རྒྱོ་བོ་ཟེར་ སླབ་སྲོལ་ཡོད་རུང་ ད་རེས་ནངས་པར་ འདི་ཚུ་ ཡོདཔ་ཨིན་ན?
དུས་རབས་༡༧ པ་ཚུན་ རྒྱབ་ལོག་བལྟ་བ་ཅིན་ འབྲུག་རྒྱལ་ཁབ་འདི་ འཛམ་གླིང་རྒྱལ་ཁབ་ཚུ་དང་གཅིག་ཁར་ འབྲེལ་བ་མེད་པར་ རང་རྐྱང་སྦེ་ སྡོད་པའི་སྐབས་ ཕྱིའི་མཐོང་རྒྱ་དཀོན་པའི་ཁར་ མི་ཚུ་ཡང་ ཤེས་བྱ་ཆུངམ་མ་ཚད་ དབུལ་ཕོངས་ཀྱི་ གནས་སྟངས་ནང་ སྡོད་དགོ་ནི་དེ་གིས་ མི་ཕྱུགཔོ་དང་ གོངམ་ཚུ་གི་འོག་ལུ་ ཟ་བྲན་སྦེ་མ་སྡོད་པར་ ཐབས་མེད་བྱུང་ནུག།
ཨིན་རུང་ ད་རེས་ནངས་པར་ ཟ་བྲན་ལམ་ལུགས་དེ་ ལོ་རྒྱུས་ཙམ་ཅིག་ལུ་ གྱུར་ཡོད་མི་དེ་ཡང་ གཙོ་བོ་ར་ མི་དབང་ཞིང་གཤེགས་དམ་པ་ འབྲུག་རྒྱལ་གསུམ་པ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ སྤྱི་ལོ་༡༩༥༨ ལུ་ ཟ་བྲན་ལམ་ལུགས་ཚུ་ག་ར་ རྩ་མེད་བཟོ་གནང་སྟེ་ མི་སེར་ཉམ་ཆུང་ཚུ་ མུན་གླིང་ལས་ དཀར་གསལ་ནང་ བཏོན་གནང་ཞིནམ་ལས་ཚུར་ རང་དབང་གི་ཐོག་ལས་ འཚོ་སྐྱོང་འཐབ་ནི་གི་ གོ་སྐབས་ཐོབ་ནུག།
དེ་གིས་མ་དོ་བར་ མི་དབང་ཞིང་གཤེགས་དམ་པ་མཆོག་གིས་ རྒྱལ་ཁབ་ནང་ བྲན་གཡོག་དང་ བྲན་ཁོལ་རིང་ལུགས་ རྩ་མེད་བཏང་གནངམ་དང་འབྲེལ་ གཞུང་ལུ་ ཁྲལ་དང་འབུལ་བ་ཕུལ་ནི་ཚུ་ཡང་ མི་སེར་ཉམ་ཆུང་ཚུ་གི་ སྐྱིད་སྡུག་ལུ་དགོངས་ཏེ་ མེདཔ་བཟོ་བའི་ཁར་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གོང་འཕེལ་གཏང་ནི་ལུ་ གཙོ་རིམ་བཟུང་སྟེ་ སྤྱི་ལོ་༡༩༦༠ རེ་གྲངས་ལས་ ཕྱིའི་རྒྱལ་ཁབ་ཚུ་དང་ མཐུན་ལམ་བཟོ་ནི་ འགོ་བཙུགས་གནང་ཡོདཔ་བཞིན་དུ་ ད་རེས་ རྒྱལ་ཁབ་ཀྱི་གནས་སྟངས་ འཛམ་གླིང་དང་ དབྱེ་བ་མེདཔ་སྦེ་ ལྷོད་མི་དེ་ མི་དབང་རྒྱལཔོ་རིམ་བྱོན་ཚུ་གི་ བཀྲིན་ཁོ་ན་ལུ་བརྟེན་ཨིན།
འདི་འབདཝ་ད་ དང་ཕུའི་ལམ་ལུགས་དེ་ ཡལ་ཉམས་འགྱོ་བའི་ ནམ་དུས་ལུ་ མི་སྡེ་ལ་ལོ་ཅིག་ནང་ ད་ལྟོའི་བར་ན་ཡང་ སྔར་ལུགས་ལག་ལེན་འཐབ་མི་ལུ་བརྟེན་ མི་སྡེའི་གཅིག་སྒྲིལ་དང་ གཅིག་མཐུན་ལུ་ བར་ཆད་རྐྱབ་པའི་ མངོན་གསལ་ཡང་བྱུངམ་ཨིན་མས།
དཔེར་ན་ ཀྲོང་གསར་རྫོང་ཁག་ སེམ་སྦྱིས་གཡུན་ཚན་ནང་ ཁྱལཔ་དང་ཟུརཔ་གི་བར་ན་ སྟབས་མ་བདེཝ་ཐོན་ཏེ་ ནང་འགྲིགས་འབད་རུང་ རྩ་ཕན་གཉིས་ཀྱིས་ ངོས་ལེན་འབད་མ་བཏུབ་ལས་ ད་རེས་ རྩོད་གཞི་དེ་ ཁྲིམས་འདུན་ལུ་ ལྷོད་ཡོད་མི་ལུ་ བལྟ་བ་ཅིན་ དང་ཕུའི་སྲོལ་ཁྱུན་དེ་ ཡལ་ཉམས་མ་འགྱོ་བས།
ག་འཆརཔ་ཟེར་བ་ཅིན་ ཁྱལཔ་དང་ཟུརཔ་གི་ དཀའ་ངལ་ངོ་མ་ར་ སྔོན་དང་ཕུ་བཟུམ་སྦེ་ མི་ཕྱུགཔོ་དང་ དབང་ཤུགས་ཅན་ཅིག་གི་ཁྱིམ་ནང་ བྲན་གཡོག་རྒྱུག་དགོ་པའི་སྐོར་མེན་པར་ ཟུརཔ་ཚུ་གིས་ གཡུས་སྒོ་ནང་ ལོ་བསྟར་གྱི་ སྨྱུང་གནས་བཙུགས་པའི་སྐབས་ ཕོག་རིམ་ཚུ་ འབག་མ་བཏུབ་པར་ ལོ་གཅིག་གི་ སྨྱུང་གནས་བསྲུང་མ་ཚུགས་པར་ ལུས་མི་ལུ་བརྟེན་བྱུང་ནུག།
ལོ་རྒྱུས་དང་འཁྲིལཝ་ད་ དང་ཕུ་ལས་ར་ གཡུས་སྒོ་དེ་ནང་ སྐུ་མཆོད་དང་འབུམ་སྡེ་ ལྷ་གསོལ་བོན་གསོལ་གྱི་ རིགས་ཚུ་ག་ར་ ཁྱལཔ་ཚུ་གིས་ འགོ་འདྲེན་འཐབ་ནི་ཡོདཔ་ལས་ ཟུརཔ་ཚུ་གིས་ ཁོང་ལུ་མི་ཕོག་ཟེར་ མཉམ་འབྲེལ་འབད་མ་བཏུབ་པར་ རྩོད་རྙོགས་ཐོན་ཡོདཔ་ཨིན་མས།
སྐུ་མཆོད་དང་ ལྷ་གསོལ་ནི་ འབུམ་སྡེ་བཟུང་ནི་ཚུ་ རང་གི་རྒྱུད་ལུ་ བསོད་ནམས་དང་ ཚོགས་བསག་ནིའི་ རྒྱུ་མ་གཏོགས་ གཅིག་གིས་གཅིག་ལུ་ འགན་འཁྲི་བཀལ་སྡོད་ནི་དང་ དང་ཕུ་བཟུམ་སྦེ་ དབྱེ་བ་ཕྱེ་སྡོད་པ་ཅིན་ ང་བཅས་རའི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་བ་དང་ རྒྱབ་འགལ་འགྱོ་ནི་ཨིནམ་མ་ཚད་ རྒྱལ་ཁབ་ཀྱི་ གཅིག་སྒྲིལ་དང་ གཅིག་མཐུན་གྱི་ དམིགས་ཡུལ་ལུ་ཡང་ ཐོ་ཕོག་འོང་།
འབྲུག་བཟུམ་མའི་ སྐོབས་ཚུད་ཅན་གྱི་ རྒྱལ་ཁབ་ཆུང་ཀུ་དང་ མི་རློབས་ཉུང་སུ་ཅིག་ལས་བརྒལ་མེད་པའི་ རྒྱལ་ཁབ་ནང་ མི་སྡེའི་ནང་འཁོད་ལུ་ ཁྱལཔ་དང་ཟུརཔ་ཟེར་ དང་ཕུ་བཟུམ་སྦེ་ ཁྱད་པར་ཕྱེ་སྡོད་པ་ཅིན་ གཡུས་སྒོ་ནང་ མཐུན་ལམ་དང་ གཅིག་སྒྲིལ་མེདཔ་ འགྱོ་ནི་ཨིནམ་ལས་ རྩ་ཕན་ཚུ་གིས་འབད་རུང་ དང་ཕུའི་མནོ་ལུགས་ བཤོལ་བཞག་སྟེ་ གཅིག་གིས་གཅིག་ལུ་ གུས་ཞབས་དང་ བརྩི་མཐོང་བསྐྱེད་ཐོག་ལས་ རྩོད་རྙོགས་སེལ་ཐབས་འབད་དགོཔ་འདུག།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *