དགོས་མཁོ་ཅན་ཚུ་གིས་ ཐོབ་སྤྱོད་འབད་ཐབས་བཟོ་དགོཔ།

༉ ད་ལྟོ་ཚུན་ རྒྱལ་ཁབ་ནང་ གོང་ཚད་མར་ཕབ་འབད་མི་ མེ་རླུང་རྒྱ་རྫི་དང་ གོང་ཚད་ཕབ་ཆག་མེད་པའི་ མེ་རླུང་རྒྱ་རྫི་དང་འབྲེལ་བའི་ རྩོད་རྙོགས་ཅན་གྱི་གནད་དོན་དེ་ ཟླཝ་དག་པ་ཅིག་གི་ཤུལ་ལས་ སེལ་ཐབས་འབད་ཚུགས་ནི་ཨིན་མས།
དེ་ཡང་ ག་འཆརཔ་ཟེར་བ་ཅིན་ ཚོང་འབྲེལ་ལས་ཁུངས་ཀྱིས་ སང་ཕོད་ སྤྱི་ཟླ་དང་པའི་ནང་ལས་ ཐིམ་ཕུག་དང་ ཕུན་ཚོགས་གླིང་ དགེ་ལེགས་ཕུག་ དེ་ལས་ བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེ་༤ ནང་ གོང་ཚད་མར་ཕབ་འབད་མི་ མེ་རླུང་རྒྱ་རྫི་ཚུ་ བཀྲམ་སྤེལ་འབད་ནི་ལས་ བཀག་འཛིན་འབད་ནིའི་ གསལ་བསྒྲགས་འབད་ནི་དེ་གིས་ཨིན།
འདི་བཟུམ་མའི་ ཐབས་ལམ་བཏོན་མི་དེ་གིས་ ཁྲོམ་སྡེ་ནང་སྡོད་མི་ དྲག་ཞན་ཆེ་ཆུང་ཟེར་དབྱེ་བ་མེད་པར་ གོང་ཚད་མར་ཕབ་མེད་མི་ མེ་རླུང་རྒྱ་རྫི་ཚུ་ བྱ་ཐབས་མེད་པར་ ལེན་དགོཔ་འཐོན་ནི་ཨིན་མས།
གཅིག་ལས་བལྟ་བ་ཅིན་ ཐབས་ལམ་བཏོན་མི་དེ་ ལེགས་ཤོམ་ཅིག་ཨིན་མི་དེ་ཡང་ དགོས་མཁོ་ཆེ་བའི་ མི་སེར་ཉམ་ཆུང་ཚུ་གིས་ གོང་ཚད་མར་ཕབ་འབད་མི་ མེ་རླུང་རྒྱ་རྫི་ཚུ་ སྤྱོད་ནིའི་གོ་སྐབས་ འཐོབ་ཚུགས་ནི་དེ་གིས་ཨིན།
མ་གཞི་ ད་ལྟོ་བཟུམ་ཅིག་འབད་བ་ཅིན་ གོང་ཚད་མར་ཕབ་ཡོད་མི་དང་ མེད་མིའི་བར་ན་ ཁྱད་པར་དངུལ་ཀྲམ་༡༨༢ ཆགས་ཡོདཔ་ད་ དེ་ཡང་ གོང་ཚད་མར་ཕབ་མེད་མི་ མེ་རླུང་རྒྱ་རྫི་རེ་ལུ་ དངུལ་ཀྲམ་༧༢༢ དང་ གཞན་མི་དེ་ལུ་ དངུལ་ཀྲམ་༥༤༠ རེ་ཨིན་མས།
ཏི་རུ་སྤྲོད་ཚུགས་མི་ཚུའི་ཐད་ཁར་ ཁྱད་པར་དངུལ་ཀྲམ་༡༨༢ ཆགས་མི་དེ་ ཟ་ཁང་ནང་ ལྟོ་ཕོག་༡ གི་རིན་དང་ ཡང་ཅིན་ གློག་བརྙན་ཚར་༡ བལྟ་ནིའི་ ཤོག་འཛིན་རིན་ལས་བརྒལ་མེད་རུང་ ཉམ་ཆུང་ཚུ་གི་དོན་ལུ་འབད་བ་ཅིན་ བདུན་ཕྲག་༡ ལང་པའི་ ཚོ་ཏོ་མར་ཁུ་དང་ ཡང་ཅིན་ ཨ་ལོ་ཚུ་གི་དོན་ལུ་ འབྲི་དེབ་ཚུ་ ཉོ་ཚུགས་ནི་ཨིནམ་ལས་ གོང་ཚད་མར་ཕབ་འབད་མི་ མེ་རླུང་རྒྱ་རྫི་ཚུ་ ཉམ་ཆུང་ཚུ་གི་དོན་ལུ་ར་ འོས་འབབ་འདུག།
ད་ལྟོ་ཚུན་ མེ་རླུང་རྒྱ་རྫི་མ་ལང་པའི་ དཀའ་ངལ་མ་འཐོན་རུང་ ཁྲོམ་སྡེ་ཚུ་ནང་ མི་རློབས་ཡར་སེང་འགྱོཝ་དང་བསྟུན་ ཁྱིམ་གུང་ཡར་སེང་འགྱོ་ནི་དེ་གིས་ མ་ལང་པའི་གནས་སྟངས་ཐོན་པའི་ཁར་ ཐིམ་ཕུག་ལུ་བལྟ་བ་ཅིན་ ཁྱིམ་གུང་ལ་ལོ་ཅིག་ནང་ མེ་རླུང་རྒྱ་རྫི་༢ དང་༣ ལས་ལྷགཔ་སྦེ་ བསགས་བཞག་སར་མཐོངམ་ཨིན་མས།
དེ་མ་ཚད་ ཟ་ཁང་ཚུ་གིས་འབད་རུང་ དངུལ་ཀྲམ་༡༨༢ ཁྱད་པར་ཆགས་མི་ལུ་བལྟ་སྟེ་ ཚོང་འབྲེལ་གྱི་ མེ་རླུང་རྒྱ་རྫི་དཀརཔོ་དེ་ གདོང་ཁར་བཏོན་ཞིནམ་ལས་ ནང་ན་ལས་ མེ་རླུང་རྒྱ་རྫི་ཧོནམོ་དེ་ར་ ལག་ལེན་འཐབ་སྡོདཔ་ཨིན་མས།
གཞུང་གིས་ མེ་རླུང་རྒྱ་རྫི་གི་ དཀའ་ངལ་སེལ་ཐབས་དོན་ལུ་ ཐབས་ཤེས་རྣམ་པ་སྣ་ཚོགས་བཏོན་རུང་ དོན་སྨིན་འབྱུང་མ་ཚུགས་པར་ལུས་ཡོདཔ་ད་ ཐ་ན་ སྤྱི་ཚོགས་ཀྱི་འཐུས་མི་དང་ གཞུང་གི་ ཆེ་རིམ་འགོ་དཔོན་ཚུ་གིས་ཡང་ ཁྱད་པར་དུམ་གྲ་ཅིག་ལུ་ལྟ་སྟེ་ རྩ་ལས་ངོས་ལེན་འབད་མ་བཏུབ།
ད་ལྟོ་ བཀག་འཛིན་གྱི་ དུས་ཚོད་ཡོད་མི་ལུ་བརྟེན་ གཞུང་གིས་འབད་རུང་ བརྟག་ཞིབ་ལས་རིམ་ཅིག་ འགོ་འདྲེན་འཐབ་དགོ་པའི་ ཚོར་སྣང་བྱུང་མི་དེ་ཡང་ ཁྲོམ་སྡེ་ཚུ་ནང་འབད་རུང་ ལོ་གཅིག་བ་ལོ་གཅིག་ བཟའ་ཚང་ཉམ་ཆུང་གི་གྱངས་ཁ་ ཡར་སེང་འགྱོ་བཞིན་དུ་ཡོདཔ་ལས་ ངོས་འཛིན་འབད་ཚུགས་པ་ཅིན་ ཁོང་ལུ་ཡང་ ཕན་ཁྱད་འབྱུང་ཚུགས་ནི་ཨིན་མས།
མེ་རླུང་རྒྱ་རྫི་གི་ གོང་ཚད་མར་ཕབ་རྐྱངམ་གཅིག་མེད་པར་ གཞན་ཡང་ སྣུམ་འཁོར་གྱི་སྐལ་བགོ་དང་ ཁྲལ་དགོངས་ཡངས་ཚུ་ཡང་ དཔྱད་ཞིབ་འབད་དགོཔ་ཡོད་མི་དེ་ཡང་ མ་གཞི་ ངོ་མ་འབད་བ་ཅིན་ གཞུང་གིས་ མཐུན་རྐྱེན་འདི་ཚུ་ གོ་སྐབས་ཆུང་བ་ཚུ་ལུ་ གནངམ་ཨིན་རུང་ འབྲུག་ལུ་ འབྱོར་པ་ཅན་ཚུ་གི་དོན་ལུ་ ཧེང་སྐལ་ར་ གོ་སྐབས་བྱིན་དོ་བཟུམ་ཅིག་ཨིན་མས།
རྒྱུ་མཚན་འདི་ལུ་བརྟེན་ གཞུང་གིས་འབད་རུང་ གོང་ཚད་མར་ཕབ་དང་ སྐལ་བགོ་ དེ་ལས་ ཁྲལ་དགོངས་ཡངས་ཚུ་ དགོས་མཁོ་ཅན་ཚུ་གིས་ ཐོབ་སྤྱོད་འབད་ཚུགས་ནིའི་དོན་ལུ་ འོས་ལྡན་བཟོ་དགོཔ་འདུག།

About admin

Check Also

ཏམ་ཁུའི་རིགས་ བཅད་དགོ་མནོ་མི་ཚུ་ལུ་ ཐབས་བྱུས་གསརཔ།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུག་རྫས་དབང་འཛིན་གྱིས་ མོང་སྒར་ལུ་ཡོད་པའི་ ཆང་དང་ སྨྱོ་རྫས་ལྟེ་བ་ནང་ ཏམ་ཁུ་འཐུང་མི་དང་ ཏམ་ཁུའི་རིགས་ཟ་མི་ཚུ་ ཟས་ངན་གྱི་རིགས་ བཅད་ནིའི་ཐབས་ཤེས་གསརཔ་ གཞི་བཙུགས་འབད་ཡོདཔ་ཨིན་པས། དེ་ཡང་ ལྟེ་བ་གིས་ ཏམ་ཁུའི་རིགས་བཅད་འདོད་ཡོད་མི་ …

Leave a Reply

Your email address will not be published. Required fields are marked *