དགོངས་ཞུ་འགྱོ་མི་ སློབ་དཔོན་ཚུ་གི་གྱངས་ཁ་ ཡར་འཕར་འགྱོ་བཞིན་དུ་ཡོདཔ།

༉ འདས་པའི་ལོ་ལས་འགོ་བཙུགས་ཏེ་ དུས་ཅི་སྤྱི་ཟླ་༥ པའི་ནང་འཁོད་ལུ་ སློབ་དཔོན་༤༨༠ དེ་ཅིག་གིས་ ལཱ་གཡོག་ནང་ལས་ དགོངས་ཞུ་འབད་མི་དེ་ ན་ཧིང་དང་ཕྱདཔ་ད་༡༢༥ དེ་ཅིག་འབདཝ་ད་ བརྒྱ་ཆ་༣.༩༨ ཡར་སེང་སོང་ནུག།
ལོ་བསྟར་ཤེས་རིག་གནས་སྡུད་ཀྱི་ སྙན་ཞུ་༢༠༡༩ ཅན་མ་དང་འཁྲིལཝ་ད་ འདས་པའི་ལོ་ངོ་༥ ནང་ སློབ་དཔོན་ཚུ་ རང་སོའི་ཁྱད་གཡོག་ནང་ལས་ དགོངས་ཞུ་སོང་མི་དེ་ མཐོ་ཤོས་ཅིག་ཨིན་ཨིན་པས།
དགོངས་ཞུ་སོང་མི་གྲས་ལས་ མཐོ་ཤོས་ར་ ཁས་བླངས་ཐོག་ལས་ སློབ་དཔོན་༢༧༧ ཨིནམ་ད་ ངེས་པར་དུ་ དགོངས་ཞུ་འབད་བཅུག་མི་ སློབ་དཔོན་༨ ལཱ་གཡོག་གི་ ལོ་གྲངས་ཚང་མི་༥༧ དེ་ལས་ ཁག་འབག་གི་ གནས་ཡུན་ཚང་སྟེ་ དགོངས་ཞུ་འབད་མི་༡༠༣ གནད་དོན་གཞན་ལུ་བརྟེན་ སློབ་དཔོན་༣༥ གིས་ དགོངས་ཞུ་འབད་ནུག།
སྤྱི་ལོ་༢༠༡༨ ལུ་ སློབ་དཔོན་༣༥༥ དང་ སྤྱི་ལོ་༢༠༡༧ ལུ་ སློབ་དཔོན་༣༤༥ དེ་ལས་ སྤྱི་ལོ་༢༠༡༦ ལུ་ སློབ་དཔོན་༢༩༠ དང་ སྤྱི་ལོ་༢༠༡༥ ལུ་ སློབ་དཔོན་༡༩༨ ཀྱིས་ དགོངས་ཞུ་འབད་ནུག་ཟེར་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ གཞུང་གི་སློབ་གྲྭ་ཚུ་ལས་ གནད་དོན་ལེ་ཤ་ཐོག་ལས་ སློབ་དཔོན་ཚུ་གིས་ ལོ་བསྟར་བཞིན་དུ་ ཤེས་རིག་ལམ་ལུགས་ བཤོལ་བཞག་མིའི་ གནས་ཚད་དེ་ སྤྱིར་སྙོམས་ལུ་ བརྒྱ་ཆ་༥.༤༤ དེ་ཅིག་ཨིན་པས།
སྤྱི་ལོ་༢༠༡༥ ལས་༢༠༡༩ གི་བར་ན་ གཞུང་གི་སློབ་གྲྭའི་སློབ་དཔོན་༡,༡༦༥ དང་ ཕྱི་མི་ཁག་འབག་སློབ་དཔོན་༡༩༩ དེ་ཅིག་ ལཱ་གཡོག་ནང་ལས་ དགོངས་ཞུ་འབད་ནུག་ཟེར་བཀོད་ནུག།
དེ་ལས་ རྒྱལ་ཡོངས་ཁག་འབག་སློབ་དཔོན་༡༨༡ དང་ གཏན་འཇགས་ཀྱི་ ཁག་འབག་སློབ་དཔོན་༢༨ དེ་ཅིག་ སློབ་དཔོན་གྱི་ གོ་གནས་ལས་ དགོངས་ཞུ་འབད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༩ ལུ་ གཞུང་གི་འབྲིང་རིམ་སློབ་གྲྭ་བར་མའི་ སློབ་དཔོན་ཚུ་གིས་ དགོངས་ཞུ་འབད་མིའི་གནས་ཚད་བརྒྱ་ཆ་༥.༢ ལུ་ལྷོད་མི་དེ་ འདས་པའི་ལོ་དང་ཕྱདཔ་ད་ བརྒྱ་ཆ་༠.༨ དེ་ཅིག་ ཡར་སེང་སོང་ཡོདཔ་ལས་ སྤྱིར་སྙོམས་ལུ་ འདས་པའི་ལོ་ནང་ དགོངས་ཞུའི་གནས་ཚད་ བརྒྱ་ཆ་༤.༢ ལུ་ལྷོད་ནུག་ཟེར་ཨིན་པས།
དེ་བཟུམ་སྦེ་ སློབ་གྲྭ་ཆུང་བའི་ སློབ་དཔོན་ཚུ་གི་ དགོངས་ཞུའི་གྱངས་ཁ་དེ་ཡང་ བརྒྱ་ཆ་༥.༣ ཡར་སེང་སོང་ཡོདཔ་ལས་ སྤྱི་ལོ་༢༠༡༨ དང་ཕྱདཔ་ད་ བརྒྱ་ཆ་༢ དེ་ཅིག་ ཡར་འཕར་སོང་ནུག།
ད་རེས་ རྒྱལ་ཁབ་ནང་འཁོད་ལུ་ གཞུང་གི་སློབ་གྲྭ་རྐྱངམ་གཅིག་ནང་ སློབ་དཔོན་ཡོངས་བསྡོམས་༩,༢༧༩ ཡོད་མི་ལས་ མང་ཤོས་ལུ་ མཐོ་རིམ་དང་ མཐོ་རིམ་གོང་མའི་ ཤེས་ཚད་ཡོདཔ་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ གཞུང་གིས་ ཕྱི་མི་སློབ་དཔོན་གྱི་ གྱངས་ཁ་མར་ཕབ་འབད་ནི་ལུ་ བརྩོན་ཤུགས་བསྐྱེད་ཡོདཔ་བཞིན་དུ་ ཕྱི་མི་སློབ་དཔོན་ཚུ་གིས་ རྒྱལ་ཁབ་ནང་ སྤྱི་ལོ་༡༩༦༠ ལས་ སློབ་སྟོན་འབད་ནི་ འགོ་བཙུགས་ཡོདཔ་ད་ སྤྱི་ལོ་༢༠༡༨ ཚུན་ ཕྱི་མི་སློབ་དཔོན་༡༦༣ ཡོདཔ་ཨིན་པས།
གཞུང་གིས་ དུས་ཅི་སྤྱི་ཟླ་༧ པའི་ནང་ སློབ་དཔོན་ཚུ་ ལཱ་གཡོག་ནང་ལས་ དགོངས་ཞུ་འབད་མི་འགྱོ་ནིའི་དོན་ལུ་ ཞི་གཡོགཔ་གཞན་ཚུ་དང་ཕྱདཔ་ད་ སློབ་དཔོན་གྱི་དངུལ་ཕོགས་ བརྒྱ་ཆེ་དྲགས་འབད་ར་ ཡར་སེང་འབད་ཡོདཔ་ལས་ མ་འོངས་པའི་ནང་ དེ་གིས་ ལྷན་ཐབས་འབྱུང་ཚུགས་ནི་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *