དགེ་སྡིག་སྤང་སླང་འབདཝ་དང་འབྲེལ་ དུས་ཆེན་གྱི་ ཁུངས་དང་དགོས་པ་ཤེས་དགོཔ།

༉ སྟོན་པའི་དུས་ཆེན་ཁྱད་པར་ཅན་གྱི་ ཟླཝ་འདི་ནང་ སྦྱིན་བདག་ཕྱུགཔོ་ཚུ་དང་ ཆོས་སྡེ་ དགོན་སྡེ་གྲྭ་ཚང་ བླ་སྤྲུལ་ཚུ་གིས་ རྒྱལ་ཁབ་མཐའ་དབུས་མེད་པར་ དགེ་སྒྲུབ་སྡིག་སྤོང་གི་ ལས་རིམ་སྣ་ཚོགས་ འགོ་འདྲེན་འཐབ་གནང་པའི་ ནམ་དུས་ལུ་ ང་བཅས་ཆོས་ནོར་གཉིས་ཀྱིས་ཕོངས་ཞིང་ ཤེས་ཡོན་རྒྱ་ཆུང་བའི་ ཉམ་ཆུང་ཚུ་ཡང་ ཁུངས་དང་དགོས་པ་ ག་ནི་ཡང་ ཧ་མ་གོ་བར་ གཞན་གྱི་རྗེས་སུ་འཇུག་སྟེ་ ཤ་ཆང་སྤང་བརྫུ་བཏབ་ནི་དང་ དགེ་སྒྲུབ་སྡིག་སྤོང་ལུ་ འབད་བརྩོན་བསྐྱེད་བརྫུ་བཏབ་སྟེ་ མ་སྡོད་པར་ དང་པ་དུས་ཆེན་ངོས་བཟུང་ གཉིས་པ་ཁུངས་དང་དགོས་པ་ གསུམ་པ་ཕན་ཡོན་གྱི་ འགྱུར་བ་སོགས་ ཧ་གོ་ཐོག་ལས་ དགེ་སྡིག་སྤང་བླང་ལུ་ འཇུག་ཤེས་དགོཔ་ཁག་ཆེ།
འདི་འབདཝ་ལས་ ས་ག་ཟླ་བ་ཟེར་མི་འདི་ ཟླཝ་བཞི་པ་ལུ་ སླབ་བཞིན་དུ་ ཟླཝ་འདི་ དུས་ཆེན་ཁྱད་པར་ཅན་ཅིག་ལུ་ བརྩི་འཇོག་ཐོག་ ང་བཅས་ཀྱིས་ དགེ་སྒྲུབ་སྡིག་སྤོང་ལུ་ བརྩོན་དགོ་པའི་ རྒྱུ་མཚན་ངོ་མ་ སྟོན་པ་ཤཱཀྱ་ཐུབ་པའི་ དུས་མཆོད་སྦོམ་ གསུམ་འཛོམས་ ཡང་ན་ བཞི་འཛོམས་ ཡང་ན་ ལྔ་འཛོམས་ཀྱི་དུས་ཆེན་ ཁྱད་པར་ཅན་འབད་ནི་དེ་གིས་ཨིན་པས།
སྤྱིར་བཏང་ དུས་བཟང་ངོས་འཛིན་མཛད་སྲོལ་ལུ་ ཐུན་མོང་གི་ དུས་བཟང་དང་ ཁྱད་པར་སྟོན་པའི་དུས་མཆོད་ ཁྱད་པར་བླ་ན་མེད་པ་ ཨྱོན་གུ་རུ་རིན་པོ་ཆེའི་ དུས་མཆོད་ཀྱི་ དུས་བཟང་ཟེར་ ངོས་འཛིན་སྲོལ་གསུམ་ཡོད་མི་ལས་ ད་རིས་ཀྱི་ཟླཝ་འདི་ ཁྱད་པར་འཕགས་པ་སྟོན་པའི་ དུས་མཆོད་ཀྱི་ དུས་བཟང་འདི་ཨིན་པས།
སྟོན་པའི་དུས་ཆེན་གསུམ་འཛོམས་སྦེ་ བརྩི་བ་ཅིན་ ཟླཝ་འདི་གི་ ཚེས་བཅོ་ལྔ་ལུ་ སྟོན་པ་མཆོག་ ཡུམ་གྱི་ལྷུམས་སུ་བཞུགས་པ་དང་། སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པ་གསུམ་ ས་ག་ཟླཝ་ནང་ ཕོག་ནི་དེ་གིས་ དུས་ཆེན་གསུམ་འཛོམས་སྦེ་ བརྩིཝ་ཨིན། དུས་ཆེན་བཞི་འཛོམས་ཀྱི་ དབང་དུ་བཏང་པ་ཅིན་ གོང་གི་གསུམ་གྱི་ ཁ་སྐོང་ལུ་ སྟོན་པ་མཆོག་ སྐུ་བལྟམས་པའི་དུས་ཆེན་སྣོན་ཏེ་ དུས་ཆེན་བཞི་འཛོམས་སྦེ་བརྩི་བའི་ཁར་ དུས་ཆེན་ལྔ་འཛོམས་སྦེ་ བརྩི་བ་ཅིན་ སྟོན་པ་མཆོག་ ལྷུམས་སུ་བཞུགས་པ། སྐུ་བལྟམས་པ། བདུད་བཏུལ་བ། སངས་རྒྱས་པ། མྱ་ངན་ལས་འདས་པ་དང་ལྔ་ ས་ག་ཟླཝ་འདི་ནང་ ཕོག་ནི་དེ་གིས་ དུས་ཆེན་ལྔ་འཛོམས་ཟེར་ བརྩིཝ་ཨིན།
དགེ་སྡིག་གི་འཕེལ་འགྱུར་ ག་དེ་སྦེ་ཡོདཔ་སྨོ་ཟེར་བ་ཅིན་ སྤྱིར་བཏང་ཐུན་མོང་གི་ དུས་བཟང་ཚུ་ལུ་ དགེ་སྡིག་བརྒྱ་འགྱུར་དང་ ཉི་མ་དང་ཟླཝ་ གཟའ་གིས་ཟིན་པའི་དུས་ཚོད་ལུ་སྟོང་འགྱུར་ དེ་ལས་ སྟོན་པའི་དུས་ཆེན་ཁྱད་པར་ཅན་ལུ་ དགེ་སྡིག་གི་འགྱུར་བ་འབུམ་འགྱུར་ཡོདཔ་སྦེ་ གསུངས་བཞག་ནུག།
དེ་འབདཝ་ལས་ ད་རིས་ཀྱི་ཟླཝ་འདི་ནང་ དགེ་སྡིག་གི་ལཱ་ ག་ཅི་འབད་རུང་ ཐ་ན་ གཞན་ལུ་ ཟས་ཁམ་རྡོག་གཅིག་ལས་བརྒལ་མ་བྱིན་རུང་ ཁམ་རྡོག་འབུམ་ཕྲག་སྦེ་བྱིན་པའི་ ཕན་ཡོན་དང་ སྡིག་པ་སྣ་གཅིག་བསགས་མི་གིས་ འབུམ་ཕྲག་སྦེ་བསགས་པའི་ ཉེས་དམིགས་ཚུ་ཡོདཔ་སྦེ་གསུངས་ནུག། དེ་བཟུམ་སྦེ་ དུས་ཆེན་ཁྱད་པར་ཅན་གྱི་སྐབས་ ཤ་ཆང་རེ་སྤང་རུང་ འདོད་སྤྱོད་རེ་སྤང་རུང་ ཕན་ཡོན་དེ་དང་ དེ་ལྟ་བུ་འབྱུང་ནི་ཡོདཔ་སྦེ་གསུངས་ནུག།
ང་བཅས་ཉམ་ཆུང་ཚུ་གིས་ཡང་ གོང་གསལ་ཁུངས་དང་དགོས་པ་ ཕན་ཡོན་ཚུ་ ཧ་གོ་ཐོག་ལས་ འབྱོར་པ་ཅན་གཞན་ཚུ་བཟུམ་སྦེ་ དགེ་བ་རྒྱ་ཆེཝ་སྦེ་ བསགས་མ་ཚུགས་རུང་ ཕ་མ་སེམས་ཅན་ཐམས་ཅད་ཀྱི་དོན་ལུ་ བསམ་པ་བཟང་པོ་བསྐྱེད་ཐོག་ལས་ ག་དེ་འབད་ཚུགས་ཚུགས་ཅིག་དང་ ཐ་ན་ དཀར་མེ་ཀོང་མཆོད་རེ་ ཡང་ཅིན་ གཞན་གྱིས་འབད་མི་ལུ་ ང་རྒྱལ་དང་ཕྲག་དོག་སྤངས་ཏེ་ ཧིང་དྭངས་མའི་དཀྱིལ་ལས་ རྗེས་སུ་ཡི་རང་བསྐྱེད་དེ་བསྒོམ་པ་ཅིན་ གཞན་དང་དགེ་བ་འདྲ་མཉམ་ཐོབ་སྦེ་ གསུངས་ནུག་ཟེར་ ཞུ་ནི།

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *