དགེ་ལེགས་ཕུག་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་གི་ གནམ་པང་ཚུ་ བུད་འོང་མི་ཚུ།

དགེ་ལེགས་ཕུག་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་གི་ གནམ་པང་ཚུ་ བུད་འོང་དོ་ཡོདཔ།

༉ དགེ་ལེགས་ཕུག་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ འགོ་འབྱེད་འབད་དེ་ ལོ་མ་ལངམ་ལས་ར་ མེདཔ་ཐལ་ནི་ འགོ་བཙུགས་ཡོདཔ་ཨིན་པས།
ཉལ་ཁྲི་༡༥༠ འབད་མི་ སྨན་ཁང་དེ་ནང་ དུས་ཅི་ ལོ་འགོ་བཙུགསཔ་ད་ སེར་གུ་ཚུ་ཐོན་པའི་ཁར་ སྨན་ཁང་གི་ཁང་ཚན་དག་པ་ཅིག་གི་ གནམ་པང་ཚུ་ བུད་འོང་པའི་ཁར་ ད་ལྟོ་ སྨན་ཁང་གི་ ས་ཁོངས་ཁག་༤༤ ནང་ མེདཔ་ཐལ་ཡོདཔ་ཨིན་པས།
སྨན་ཁང་གི་ ཉམས་བཅོས་ལས་ཁུངས་ཀྱི་ འགོ་དཔོན་ཚུ་དང་འཁྲིལཝ་ད་ རླུང་འཕྲུལ་བཙུགས་ཡོད་མི་ལས་ ཆུ་ཐོན་མི་ལུ་བརྟེན་ རྡོ་དཀར་སྦྱར་ལེབ་ ལག་ལེན་འཐབ་སྟེ་བཟོ་མི་ གནམ་པང་ཚུ་ མེདཔ་བཏང་ནུག་ཟེར་བཤདཔ་ཨིན་པས།
ཞག་དག་པ་ཅིག་གི་ཧེ་མར་ ཐོག་དང་པའི་ནང་ཡོད་མི་ ཁྲག་སེལ་སྡེ་ཕྲན་དེ་ལུ་ མེདཔ་ཤུགས་སྦེ་ར་ རྐྱབ་སྟེ་ཡོད་པའི་ཁར་ ནདཔ་ཚུ་ སྨན་བཅོས་འབད་བཞིན་དུ་ཡོད་རུང་ གནམ་པང་ལས་ ཆུ་འཛགས་བཞིན་དུ་ ཡོདཔ་ཨིན་པས།
དེ་འབདཝ་ལས་ ནདཔ་ཚུ་སྡོད་སའི་ཉེ་འདབས་ལས་ཕར་ ཆུ་བཟེད་ནིའི་དོན་ལུ་ དམ་སྦྱིས་ཚུ་བཞག་དགོ་དོ་ཡོདཔ་ལས་ གནས་སྟངས་དེ་ སྐྱོ་དྲགས་སྦེ་ཡོདཔ་ཨིན་པས།
ལས་བྱེདཔ་ཅིག་གིས་ སླབ་མིའི་ནང་ སྨན་ཁང་ནང་ རླུང་འཕྲུལ་ཨེ་སི་མེད་པ་ཅིན་ ནདཔ་ཚུ་སྡོད་ཚུགས་པར་ ལཱ་ཁག་བཏང་དོ་ཡོདཔ་ད་ རླུང་འཕྲུལ་དེ་བཙུགསཔ་ད་ གནམ་པང་ལས་ ཆུ་འཛག་པའི་དཀའ་ངལ་འདུག་ཟེར་ཨིན་པས།
ཉམས་བཅོས་ལས་བྱེདཔ་ཚུ་གིས་འབད་བ་ཅིན་ ཁྲག་སེལ་སྡེ་ཕྲན་གྱི་ ཁང་ཚན་ནང་ རླུང་འཕྲུལ་ལས་ཐོན་མི་ཆུ་ ཐོན་འགྱོ་སའི་ལམ་ལུ་ སྟབས་མ་བདེཝ་ཡོདཔ་ལས་ གནམ་པང་ལས་ འཛགས་ཡོདཔ་ལས་ བཅོ་ཁ་རྐྱབ་ཅི་ཟེར་ཨིན་པས།
སྤྱི་ཟླ་༦ པའི་ཚེས་༢༨ ལུ་ སྨན་ཁང་གི་བདག་སྐྱོང་གིས་ ཁག་འབགཔ་ལུ་ དེ་འཕྲོ་ལས་ ཉམས་བཅོས་འབད་དགོཔ་ ལེ་ཤ་ཡོད་པའི་སྐོར་ལས་ ཡི་གུ་བྲིས་ཡོདཔ་ད་ ཉམས་བཅོས་སྦོམ་འབད་དགོ་པའི་ ས་ཁོངས་༡༦ ངོས་འཛིན་འབད་ཡོདཔ་ཨིན་པས།
དེ་མ་ཚད་ ནང་ན་འཛུལ་སའི་ས་ཁོངས་ཀྱི་ གནམ་པང་དེ་ཡང་ མེདཔ་ཐལ་ཏེ་ཡོདཔ་ད་ ཆུ་དུང་ནང་ལས་ ཆུ་ཐོན་མི་དེ་གིས་ཡང་ བྱང་རྩིག་ཚུ་ལུ་ གནོད་པ་བྱུང་སྟེ་ཡོདཔ་ཨིན་པས།
ཀུན་གསལ་གྱིས་ ཤེས་རྟོགས་བྱུང་མིའི་ནང་ སྨན་ཁང་གི་བརྡ་སྟོན་འཕྲུལ་ཆས་དེ་ཡང་ ལཱ་འབད་མ་བཏུབ་ ཐལ་ཡོད་པའི་ཁར་ བྱང་རྩིག་ཚུ་གུ་ལས་ སེར་གུ་ཚུ་ ཐོན་ཡོདཔ་ཨིན་པས།
དགེ་ལེགས་ཕུག་ལུ་སྡོད་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སེར་གུ་ཐོན་མི་དང་ གནམ་པང་བུད་འོང་མི་དེ་ སྨན་ཁང་དེ་ སྤུས་ཚད་ སྐྱོ་དྲག་སྦེ་ རྐྱབ་མི་དང་ འགོ་འབྱེད་འབད་ནིའི་དོན་ལུ་ ལཱ་ཚུ་ མགྱོགས་པར་འབད་མི་ལུ་བརྟེན་ ཨིན་མས་ཟེར་ སླབ་ཨིན་པས།
སྨན་ཁང་དེ་རྐྱབ་ནིའི་དོན་ལུ་ དུས་ཚོད་བྱིན་དགོཔ་ཅིག་ཨིན་རུང་ ཚབ་ཚབ་རིལ་རི་སྦེ་ རྐྱབ་མི་ལུ་བརྟེན་ ལོ་མ་ལངམ་ལས་ ད་ལྟོ་ལས་ མེདཔ་ཐལ་མི་དེ་ དེ་ལས་བརྟེན་ ཨིན་མས་ཟེར་སླབ་ཨིན་པས།
ནད་བརྟག་འཕྲུལ་ཆས་ སི་ཊི་ ཨིསི་ཀེན་འཕྲུལ་ཆས་དེ་ འདས་པའི་ཟླཝ་ལས་ ལག་ལེན་མེད་པར་བཞག་ཡོདཔ་ད་ སྨན་ཁང་གི་ ལས་བྱེདཔ་ཚུ་དང་འཁྲིལཝ་ད་ འཕྲུལ་ཆས་ཀྱི་ ཆ་ཤས་ལ་ལོ་ཅིག་ མེདཔ་ཐལ་ཏེ་ཡོད་ཟེར་ཨིན་པས།
ག་དེ་སྦེ་ མེདཔ་ཐལ་ཡོདཔ་ཨིན་ ཁ་གསལ་མ་ཤེས་རུང་ བྱི་ཙི་གིས་མེདཔ་བཏང་པའི་ དོགས་པ་ཡོད་ཟེར་ བཤད་པའི་ཁར་ གློག་ཐག་ནང་ན་ བྱི་ཙི་ཤོང་ཚད་ཡོདཔ་ལས་ དོགས་པ་དེ་ལུ་ ཡོད་ཟེར་ཨིན་པས།
ཨིན་རུང་ འཕྲུལ་ཆས་ངོ་མ་དེ་ ལཱ་འབད་བཏུབ་དོ་ཡོདཔ་སྦེ་ མཐོང་ཡོད་རུང་ སྨན་ཁང་ནང་ རེ་ཌི་བོ་ལོ་ཇིསི་མེདཔ་ལས་ ཞབས་ཏོག་དེ་ལུ་ གནོད་དེ་ཡོད་ཟེར་ཨིན་པས།
སི་ཊི་ཨིས་ཀེན་འཕྲུལ་ཆས་དེ་ ན་ཧིང་ སྤྱི་ཟླ་༦ པ་ཚུན་ ལག་ལེན་འཐབ་བཏུབ་ཡོད་པའི་ཁར་ ཐིམ་ཕུག་གཙོ་བསྟེན་སྨན་ཁང་ལས་ རེ་ཌིའོ་ ལོ་ཇིས་ཅིག་ཡང་ གནས་སྐབས་དོན་ལུ་ བཏང་ཡོདཔ་ཨིན་པས།
ཨིན་རུང་ དུས་ཅི་ སྤྱི་ཟླ་༥ པའི་ནང་ལས་ རེ་ཌིའོ་ ལོ་ཇིས་འོང་ནི་ཡང་ ཆད་ཡོདཔ་ལས་ ད་ལྟོ་ འཕྲུལ་རིག་པ་དང་སྨན་གཡོགམོ་ཚུ་གིས་ ལག་ལེན་འཐབ་སྟེ་ཡོདཔ་ཨིན་པས།
གློ་བུར་གྱི་སྐབས་ ནདཔ་ཚུ་ ཐིམ་ཕུག་དང་ རྒྱ་གར་གྱི་ཨ་སཱམ་མངའ་སྡེ་གི་ བོང་གའི་གོང་ལུ་ བཏང་དོ་ཟེར་ ལས་བྱེདཔ་ཚུ་གིས་བཤད་པའི་ཁར་ འཕྲུལ་ཆས་དེ་ ལག་ལེན་འཐབ་བཏུབ་པའི་སྐབས་ ནདཔ་གསུམ་དེ་ཅིག་གིས་ ཞབས་ཏོག་ལེན་ཡི་ཟེར་ཨིན་པའི་གནས་ཚུལ།\
སྐད་སྒྱུར་ བཀྲིས་བསྟན་འཛིན།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *