དགེ་ལེགས་ཕུག་ལུ་ སློབ་གྲྭ་ཅིག་གིས་ ལུས་འབྲེལ་ལོག་སྤྱོད་ཀྱི་ གོ་བརྡའི་ལས་རིམ།

༉ དགེ་ལེགས་ཕུག་ལུ་ འབྲིང་རིམ་སློབ་གྲྭ་ཅིག་ནང་ སློབ་དཔོན་ཅིག་གིས་ སློབ་ཕྲུག་བུམོ་༥ ལུ་ འདོད་སྤྱོད་དང་འབྲེལ་བའི་ གནོད་འཚེ་འབད་དེ་ ལོ་༡ དེ་ཅིག་གི་ཤུལ་ལས་ སློབ་གྲྭའི་དབང་འཛིན་གྱིས་ སློབ་ཕྲུག་ཚུ་གི་དོན་ལུ་ ཉེན་སྲུང་དང་ལྡན་པའི་ གནས་སྟངས་བཟོ་ནིའི་ ལས་རིམ་ཚུ་ འགོ་བཙུགས་ཏེ་ཡོད་ཟེར་ བཤདཔ་ཨིན་པས།
སློབ་དཔོན་དང་ སློབ་ཕྲུག་ ས་གནས་ཀྱི་ མི་ཚུ་གིས་ སླབ་མིའི་ནང་ ན་ཧིང་ སྤྱི་ཟླ་༡༡ པའི་ནང་ ཁྲིམས་སྲུང་འགག་པ་ སློབ་གྲྭའི་ས་ཁོངས་ནང་ འོང་ཞིནམ་ལས་ དོགས་ཅན་སློབ་དཔོན་དེ་ འཛིན་བཟུང་འབདཝ་ད་ ག་ར་རྣམ་རྟོག་ལང་ཡོདཔ་ཨིན་རུང་ ཟླཝ་༡ དེ་ཅིག་གི་ཤུལ་ལས་ ཨ་རྟག་གི་ གནས་སྟངས་ནང་ ལྷོད་ཅི་ཟེར་ཨིན་པས།
སློབ་གྲྭའི་དབུ་འཛིན་གྱིས་འབད་བ་ཅིན་ ཉམས་རྒུདཔ་སློབ་ཕྲུག་བུམོ་༣ སློབ་གྲྭ་དེ་ནང་ར་ ཤེས་ཡོན་འཕྲོ་མཐུད་སྦྱང་པའི་བསྒང་ཡོད་རུང་ སློབ་ཕྲུག་༢ སློབ་གྲྭ་སོ་སོའི་ནང་ འཛུལ་ཞུགས་འབད་ཡོདཔ་བཞིན་དུ་ བུམོ་དེ་ཚུ་ ཨ་རྟག་ཧར་ལུགས་སྦེ་ སློབ་གྲྭ་ནང་ འགྱོ་དོ་ཟེར་ཨིན་པས།
དབུ་འཛིན་གྱིས་ སླབ་མིའི་ནང་ དུས་ཅི་ སློབ་ཡུན་འགོ་བཙུགསཔ་ཅིག་ར་ ཨམ་སྲུ་སློབ་དཔོན་༤ འབད་མི་ གསོ་བའི་སྡེ་ཕྲན་ཚོགས་ཆུང་ཅིག་ གཞི་བཙུགས་འབད་ཡི་ཟེར་ཨིནམ་ད་ སློབ་དཔོན་ཚུ་གིས་ སློབ་ཕྲུག་ཚུ་ལུ་ མི་སྡེ་བརྡ་བརྒྱུད་དོན་སྨིན་ཅན་སྦེ་ ལག་ལེན་འཐབ་ནི་དང་ ལུས་འབྲེལ་ལོག་སྤྱོད་ སྨྱོ་རྫས་ལག་ལེན་ དེ་ལས་ ཁྲིམས་འགལ་འབད་བ་ཅིན་ གནོད་པ་ག་ཅི་ར་ཡོདཔ་ཨིན་ན་དང་ ཟླ་ཁྲག་འཛིན་སྐྱོང་འཐབ་ཐངས་ལ་སོགས་པའི་ བརྡ་དོན་ཤེས་ཡོན་སྤྲོད་ནི་ལུ་ གྲ་སྒྲིག་སོང་སྟེ་ཡོད་ཟེར་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཚོགས་ཆུང་གི་ འཐུས་མི་ཚུ་གིས་ གོ་བརྡའི་ལས་རིམ་ཅིག་ འགོ་འདྲེན་འཐབ་ཡོད་མི་དེ་ནང་ སློབ་དཔོན་༡༦ དང་ སློབ་ཕྲུག་༣༡༩ ག་ར་གིས་ བཅའ་མར་གཏོགས་ཅི་ཟེར་ཨིན་པས།
དེ་བསྒང་ སློབ་ཕྲུག་ཚུ་ལུ་ ཁོང་རའི་དཀའ་ངལ་ཚུ་ སྦ་གསང་མེད་པར་ བརྗེ་སོར་འབད་དགོཔ་སྦེ་ བཤད་པའི་ཁར་ དཀའ་ངལ་ག་ཅི་བཟུམ་ར་ཨིན་རུང་ སློབ་ཕྲུག་ཚུ་གིས་ བློའོ་སླབ་ངོ་བདེ་བའི་ སློབ་དཔོན་གང་རུང་ཅིག་ལུ་ སླབ་དགོ་པའི་སྐོར་ བཤད་ཅི་ཟེར་ཨིན་པས།
དབུ་འཛིན་གྱིས་ སླབ་མིའི་ནང་ སློབ་ཕྲུག་བུམོ་ལུ་ འདོད་སྤྱོད་དང་འབྲེལ་བའི་ གནོད་འཚེ་དེ་ དང་པ་ར་ ན་ཧིང་ སྤྱི་ཟླ་༤ པའི་ནང་ འབད་བའི་ཤུལ་ལས་ བུམོ་གཞན་༤ ལུ་ ཚེས་གྲངས་སོ་སོའི་ནང་ གནོད་འཚེ་འབད་ནུག་ཟེར་ཨིནམ་ད་ སློབ་ཕྲུག་དེ་གིས་ སློབ་གྲྭའི་དབང་འཛིན་ལུ་ བྱུང་རྐྱེན་དེ་གི་སྐོར་ ཧེ་མ་ལས་ སླབ་ཡོད་པ་ཅིན་ ཤུལ་མའི་བྱ་ངན་ཚུ་ སྔོན་འགོག་འབད་ཚུགས་ཚུགསཔ་འོང་ཟེར་ཨིན་པས།
སློབ་ཕྲུག་ཚུ་གི་ནང་ལས་ དམིགས་བསལ་དུ་ བུམོ་ཚུ་ལུ་ ཚུལ་ལྡན་དང་མ་ལྡནམ་སྦེ་ ཁོང་གི་གཟུགས་ལུ་ ལགཔ་འདོགས་པ་ཅིན་ གནད་དོན་དེ་གི་སྐོར་ སྙན་ཞུ་འབད་ནི་དེ་ གལ་ཆེ་ཟེར་ དབུ་འཛིན་གྱིས་ བཤདཔ་ཨིན་པས།
འདི་བཟུམ་མའི་ སྟབས་ངན་ཚུ་ཐོནམ་ད་ སློབ་གྲྭ་ག་རའི་ནང་ སྦྱོང་བརྡར་ཅན་གྱི་ བསླབ་སྟོན་པ་རེ་དགོ་པའི་ མཁོ་གལ་བྱུངམ་མས་ཟེར་ཨིནམ་ད་ བསླབ་སྟོན་ཚུ་ཡོད་པ་ཅིན་ སློབ་ཕྲུག་ཚུ་གིས་ ཁོང་རའི་ཚ་གྱང་ཚུ་ སླབ་ཚུགས་ནི་མས་ཟེར་ཨིན་པས།
སློབ་གྲྭ་དེ་ནང་འོངམ་ད་ ཁྱིམ་ནང་ལས་ ཉུང་ཤོས་ར་ དུས་ཡུན་ཆུ་ཚོད་༡ དེ་ཅིག་ ལམ་འགྱོ་དགོ་མི་ སློབ་ཕྲུག་༥༠ དེ་ཅིག་ཡོདཔ་ད་ སློབ་ཕྲུག་ཚུ་གི་ ཉེན་སྲུང་ལུ་དམིགས་ཏེ་ སློབ་གྲྭ་ནང་ འོང་པའི་སྐབས་དང་ ཕྱི་རུ་ཁྱིམ་ནང་འགྱོཝ་ད་ སློབ་ཕྲུག་ཚུ་ སྡེ་ཚན་བཟོ་སྟེ་ འགྱོ་དགོཔ་སྦེ་ སླབ་སྟེ་ཡོདཔ་ཨིན་པས།
སློབ་དཔོན་ཅིག་གིས་ སླབ་མིའི་ནང་ སློབ་དཔོན་མཉམ་རོགས་ཅིག་གིས་ བྱ་ངན་འབད་མི་ལུ་བརྟེན་ སློབ་གྲྭ་རྐྱངམ་གཅིག་མེན་པར་ ཕོ་སྐྱེས་སློབ་དཔོན་ཆ་མཉམ་ར་ བློ་བཙོང་ད་ཡི་ཟེར་ཨིན་པས།
ཨིན་རུང་ ད་རེས་ནངས་པར་ སློབ་དཔོན་ཚུ་གིས་ མ་འོངས་པ་ལུ་ འདོད་སྤྱོད་དང་འབྲེལ་བའི་ བྱ་ངན་འབྱུང་མི་བཅུག་ནི་དང་ སློབ་ཕྲུག་ཚུ་ སློབ་གྲྭ་ནང་ དཔེ་ཆ་ལྷབ་པའི་ ནམ་དུས་ལུ་ ཉེན་སྲུང་ཡོདཔ་ བཟོ་ཐབས་ལུ་ མཉམ་འབྲེལ་ཐོག་ལས་ ལཱ་འབད་དོ་ཟེར་ཨིན་པས།
ཉམས་རྒུད་པའི་ བུམོ་ཚུ་གི་ ཕམ་ཁ་ཐུག་ལས་འབད་རུང་ ཁོང་གི་བུམོ་ཚུ་ བྱུང་རྐྱེན་ཚུ་ལུ་བརྟེན་ ཤེས་ཡོན་འཕྲོ་མཐུད་ལྷབ་ནི་ལུ་བར་ཆད་མ་བྱུང་པས་ཟེར་ བཤདཔ་ཨིན་པས།
ཕམ་གཞན་ཅིག་གིས་ སླབ་མིའི་ནང་ འགོ་ཐོག་སྐབས་ མོ་གི་བུམོ་དེ་ སློབ་གྲྭ་ནང་ འགྱོ་དགོ་མ་མནོ་རུང་ ད་རེས་འབད་བའི་བསྒང་ལས་ ཨ་རྟག་གི་ གནས་སྟངས་ནང་ ལྷོདདེ་ཡོད་ཟེར་ཨིནམ་ད་ གཞུང་གིས་ ང་བཅས་རའི་ སློབ་ཕྲུག་ཚུ་ དཔེ་ཆ་ལྷབ་ད་ ཉེན་སྲུང་ཡོདཔ་ བཟོ་དགོཔ་འདུག་ཟེར་ ཕམ་དེ་གིས་ བཤདཔ་ཨིན་པས།
དེ་ལས་ སློབ་ཕྲུག་བུམོ་ཚུ་ལུ་ འདོད་སྤྱོད་དང་འབྲེལ་བའི་ གནོད་འཚེ་འབད་ཡོད་པའི་ ཁ་ཉེས་ཕོག་མི་ སྐྱེས་ལོ་༣༡ ལང་མི་ སློབ་དཔོན་དེ་ ཁྲིམས་འདུན་གྱིས་ གནས་སྐབས་ཅིག་ དོ་དམ་འོག་ལུ་ སྡོད་མ་དགོ་པར་ གློད་འཐུས་བཙུགས་ཏེ་ བཏང་ཡོད་པའི་ ལོ་རྒྱུས་ཡོདཔ་ད་ སློབ་དཔོན་དེ་ རྩི་རང་གསེར་གྱི་ཐང་ལས་ཨིན་པའི་གནས་ཚུལ།

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *