དགེ་ལེགས་ཕུག་ལས་ རྡོ་འབག་མི་ སྣུམ་འཁོར་ཊཱག་མང་ཤོས་ར་ རྒྱ་གར་ཨ་སམ་གྱི་ ས་གནས་ཚུ་ནང་ སྐྱེལ་འདྲེན་འབད་མི་དེ་ཡང་ བང་ལ་དེཤ་ལུ་ སྐྱེལ་འདྲེན་འབད་བ་ཅིན་ ལམ་བདའ་སྟེ་ བཙན་ལེན་གྱི་ འཐུས་མཐོ་དྲགས་སྦེ་ བསྡུ་ལེན་འབད་ནི་དེ་གིས་ཨིན་པས།

དགེ་ལེགས་ཕུག་ལུ་ རྡོ་སྐྱེལ་འདྲེན་གྱི་ཚོང་འབྲེལ་ དཀའ་ངལ་ཅན་སྦེ་ར་ཡོདཔ།

༉ དགེ་ལེགས་ཕུག་ལུ་ རྡོ་སྐྱེལ་འདྲེན་གྱི་ཚོང་འབྲེལ་ ཟླཝ་༢ དེ་ཅིག་ མཚམས་འཇོག་འབད་བའི་ཤུལ་ལས་ སྤྱི་ཟླ་༦ པའི་ཚེས་༢༢ ལས་ ལོག་སྐྱེན་འདྲེན་འབད་ནི་ འགོ་བཙུགས་ཡོད་རུང་ ཟླཝ་༣ གྱི་ཤུལ་ལས་ ཚོང་འབྲེལ་དེ་ མཐར་འཁྱོལ་ཅན་ཅིག་སྦེ་ བྱུང་མ་ཚུགས་པས།
རྡོ་སྐྱེལ་འདྲེན་འགོ་བཙུགས་པའི་སྐབས་ ཉིན་བསྟར་བཞིན་དུ་ བང་ལ་དེཤ་ལུ་ སྣུམ་འཁོར་ཊཱག་༡༠༠ དེ་ཅིག་ རྡོ་སྐྱེལ་འདྲེན་འབད་ཡོད་རུང་ ད་ལྟོ་ ཟླཝ་རེ་ནང་ ཊཱག་༥༠ ལས་བརྒལ་ སྐྱེལ་འདྲེན་འབད་མི་ཚུགས་དོ་ཡོདཔ་ཨིན་པས།
ཚོང་འབྲེལ་འགོ་བཙུགས་པའི་ཤུལ་ལས་ རྡོ་མེ་ཊིག་ཊཱན་༣༠༠ དེ་ཅིག་ ཕྱིར་ཚོང་འཐབ་ཡོདཔ་བཞིན་དུ་ མེ་ཊིག་ཊཱན་ས་ཡ་༤ དེ་ཅིག་ མའོ་ཁོ་ལ་གཙང་ཆུའི་མཐའམ་བདའ་སྟེ་ བཏོན་བཞག་ནུག།
ཧེ་མ་ དགེ་ལེགས་ཕུག་ལུ་ རྡོ་ཚོང་འབྲེལ་འཐབ་ནིའི་ནང་ བར་ཆད་བྱུང་མི་ གཙོ་བོ་ར་ རྡོ་ཕྱིར་ཚོང་འཐབ་མི་ཚུ་གི་བར་ན་ སྟབས་མ་བདེཝ་ བྱུང་མི་དེ་ཨིནམ་ད་ ཕྱིར་ཚོང་འཐབ་མི་ཚུ་གིས་ སླབ་མིའི་ནང་ སྡེ་ཚན་དག་པ་ཅིག་གི་ ནང་འཁོད་ལུ་ ཁན་འཆམ་མ་ཚུགས་པར་འདུག་ཟེར་ཨིན་པས།
ཀུན་གསལ་གྱིས་ ཤེས་རྟོགས་བྱུང་མི་དང་འཁྲིལཝ་ད་ སྡེ་ཚན་ལ་ལོ་ཅིག་ འཕྲལ་ཁམས་ཅིག་ཁར་ ཁན་འཆམ་ཏེ་ འཐུས་མི་བགྲེསཔ་ཚུ་ ད་ལྟོ་ རང་རྐྱང་ཐོག་ལུ་ ལཱ་འབད་ནི་ འགོ་བཙུགས་ནུག།
མ་གཞི་ ཕྱིར་ཚོང་འཐབ་མི་ མང་ཤོས་ཅིག་གིས་ རང་སོའི་སྡེ་ཚན་ལས་ འཐོན་འགྱོ་ནི་སྦེ་ ཐག་བཅད་ཡོད་རུང་ ད་རེས་ སྡེ་ཚན་ནང་ར་ སྡོད་ཐོག་ལས་ རྒྱ་གར་གྱི་ རྡོ་ཚོང་འབྲེལ་འཐབ་མི་ཚུ་དང་ ལཱ་འབད་བཞིན་དུ་ཡོདཔ་ཨིན་པས།
ཚོང་འབྲེལ་འཐབ་མི་ཚུ་གིས་ བང་ལ་དེཤ་ལུ་སྡོད་མི་ཚུ་གི་དོན་ལས་ རྡོ་སྐྱེལ་འདྲེན་འབདཝ་ད་ ལམ་བདའ་སྟེ་ སྣུམ་འཁོར་ཊཱག་ཚུ་ལས་ ཏི་རུ་བསྡུ་ལེན་འབད་མི་ གཞུང་མིན་ལས་སྡེའི་ འཐུས་མི་ཚུ་ལུ་ སྔོན་གོང་ལས་ བརྡ་དོན་ཚུ་ བརྗེ་སོར་འབད་དོ་ཡོདཔ་ཨིན་པས།
ཕྱིར་ཚོང་པ་ལ་ལོ་གིས་ ཁས་ལེན་འབད་མི་ གོང་ཚད་ལུ་ ངོས་ལེན་མེད་མི་ཚུ་གིས་ གཞུང་མིན་ལས་སྡེ་དང་ མགུ་མཐུད་ཐོག་ལས་ རྒྱ་གར་གྱི་ གཞུང་ལམ་བདའ་སྟེ་ འབྲུག་པའི་ཊཱག་ཚུ་ལས་ ཏི་རུ་ཚུ་ བསྡུ་ལེན་འབད་དོ་ཡོདཔ་བཞིན་དུ་ སྣུམ་འཁོར་ཚུ་ དགེ་ལེགས་ཕུག་ལས་ འགྱོ་བའི་སྐབས་ རྡོའི་ཤོང་ཚད་དང་ སྣུམ་འཁོར་གྱི་ཨང་ ག་ར་ སླབ་བྱིནམ་མས་ཟེར་ གནད་དོན་དེ་གི་སྐོར་ལས་ ཤེས་རྟོགས་བྱུང་མི་ཚུ་གིས་ བཤདཔ་ཨིན་པས།
རྡོ་ཕྱིར་ཚོང་འཐབ་མི་ བཙན་སྐྱོགས་རྒྱལ་མཚན་གྱིས་ སླབ་མིའི་ནང་ ནང་འདྲེན་པ་ཚུ་གིས་ རྡོ་ཕྱིར་ཚོང་གི་ གོང་ཚད་ཚུ་ བྱིན་མི་ལུ་ འབྲུག་གི་ཕྱིར་ཚོང་པ་ཚུ་གིས་ དོ་འགྲན་འབད་མི་ལུ་བརྟེན་ བང་ལ་དེཤ་ལུ་ རྡོ་སྐྱེལ་འདྲེན་འབད་ནིའི་ནང་ བར་ཆད་རྐྱབ་ཅི་ཟེར་ཨིན་པས།
ང་བཅས་རའི་ ནང་འཁོད་ལུ་ར་ སྟབས་མ་བདེཝ་བྱུང་མས་ཟེར་ཨིནམ་ད་ གལ་སྲིད་ ངོ་རྐྱང་ཚུ་གིས་ གོང་ཚད་བཟོ་མི་ལུ་ སེམས་དང་མ་ལྡནམ་ཡོད་པ་ཅིན་ ཕྱིར་ཚོང་འཐབ་མི་གཞན་གྱིས་ དོ་སྐྱེལ་འདྲེན་འབད་ཐོག་ལས་ གཞུང་མིན་ལས་ཚོགས་དང་ གཞུང་ལམ་ལྟ་རྟོག་འབད་མི་ཚུ་ལུ་ སྙན་ཞུ་འབདཝ་མས་ཟེར་ ཁོ་གིས་ བཤདཔ་ཨིན་པས།


ཁོ་གིས་ སླབ་མིའི་ནང་ ཕྱིར་ཚོང་འཐབ་མི་ཚུ་གི་བར་ན་ གནད་དོན་སེལ་ཐབས་འབད་ནི་ལུ་ འདས་པའི་ཟླཝ་ནང་ འབྲུག་ཕྱིར་ཚོང་མཐུན་ཚོགས་ཀྱི་ འགོ་དཔོན་ཚུ་དང་ ཞལ་འཛོམས་ཅིག་ འཚོགས་ཡོདཔ་བཞིན་དུ་ མང་ཤོས་ཅིག་གིས་ མཉམ་འབྲེལ་ཐོག་ལས་ ལཱ་འབད་ནི་ལུ་ ཁས་ལེན་འབད་ཡོད་རུང་ ད་རེས་ མཉམ་འབྲེལ་འབད་མི་བཏུབ་པས་ཟེར་ཨིན་པས།
དགེ་ལེགས་ཕུག་ལུ་ རྡོ་ཕྱིར་ཚོང་ཡར་དྲག་མ་འགྱོ་མིའི་ གནད་དོན་གཅིག་ གཞུང་ལམ་བདའ་སྟེ་ སྣུམ་འཁོར་ཐུག་རྐྱེན་གྱི་ འཐུས་མངམ་བསྡུ་ལེན་འབད་ནི་དེ་གིས་ཨིནམ་ད་ ཕྱིར་ཚོང་པ་ཚུ་གིས་བཤད༌མིའི༌ནང༌ བང༌ལ༌དེཤ༌ལུ༌འགྱོ༌མི༌ ཊཱག་རེ༌གིས་ བཙན་ལེན་འཐུས་སྦེ་ དངུལ་ཀྲམ་༧,༥༠༠ དེ་རེ་ བྱིན་དགོ་པས་ཟེར་ཨིན་པས།
རྡོ་ཕྱིར་ཚོང་གི་གོང་ཚད་ མེ་ཊིག་ཊཱན་རེ་ལུ་ དངུལ་ཀྲམ་༡,༩༠༠ ཐོག་ལུ་ ཚོང་འབྲེལ་འཐབ་ནི་དེ་ ལཱ་ཁག་འདུག་ཟེར་ ཕྱིར་ཚོང་པ་ཅིག་གིས་ སླབ་ཨིན་པས།
སྣུམ་འཁོར་ཚུ་ལས་ བཙན་ལེན་གྱི་ འཐུས་དེ་ཡང་ དགེ་ལེགས་ཕུག་གི་ས་མཚམས་ དཱད་ག་རི་ལས་ བསྡུ་ལེན་འབད་ནི་ འགོ་བཙུགསཔ་མ་ཚད་ མེ་གཱ་ལ་ཡ་ལུང་ཕྱོགས་ནང་ཡང་ བསྡུ་ལེན་འབད་དོ་ཡོདཔ་ཨིན་པས།
རྡོ་སྐྱེལ་འདྲེན་འབད་ནི་ལུ་ གདོང་ལེན་སྦོམ་སྦེ་ར་ བྱུང་སྟེ་ཡོད་པའི་མཐའ་མར་ རྒྱ་གར་གྱི་མངའ་སྡེ་ ཨ་སམ་དུབ་རི་ལས་ ཆུ་ཐོག་སྐྱེལ་འདྲེན་འབད་ནི་ འགོ་བཙུགས་མི་གིས་ མང་ཤོས་ཅིག་ལུ་ སྟབས་བདེ་ཏོག་ཏོ་བྱུང་ནུག།
ཨིན་རུང་ དུས་ཅི་ སྤྱི་ཟླ་༧ པའི་ཚེས་༡༠ ལུ་ གྲུ་ཐོག་ལས་ བང་ལ་དེཤ་ལུ་ རྡོ་སྐྱེལ་འདྲེན་འགོ་དང་པ་ འབད་བའི་སྐབས་ ཕྱིར་ཚོང་འཐབ་མི་ཚུ་ལུ་ ངལ་རངས་བྱུང་མ་ཚུགས་མི་དེ་ཡང་ བང་ལ་དེཤ་དང་ རྒྱ་གར་གྱི་ས་མཚམས་ ཅེལ་མ་རི་ལུ་ ཅ་དམ་ཡིག་ཚང་མེདཔ་ལས་ ཆུ་ཐོག་སྐྱེལ་འདྲེན་འཐབ་མི་ དོ་ཆས་ཚུ་ ཉིན་གྲངས་ལེ་ཤ་འགོར་དོ་ཡོདཔ་ཨིན་པས།
བཙན་སྐྱོགས་རྒྱལ་མཚན་གྱིས་ དུབ་རི་ལུ་ ཅ་ཆས་བཞག་སར་ ཀི་ལོ་མི་ཊར་༡༤༠ དེ་ཅིག་ལས་བརྒལ་མེད་མི་ལུ་བརྟེན་ གོ་སྐབས་ལེ་ཤ་ཐོབ་ཅི་ཟེར་ བཤད་པའི་ཁར་ ཅེལ་མ་རི་ལུ་ ཅ་དམ་ཡིག་ཚང་རྐྱབ་ནི་ལུ་ ཟླཝ་༤ དེ་ཅིག་ འགོར་ནི་བཟུམ་ གོ་ཡོདཔ་ལས་ ཡིག་ཚང་གཞི་བཙུགས་མ་འབདཝ་ཚུན་ ག་ཅི་ཡང་ འབད་མི་ཚུགས་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

 

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *