དགེ་ལེགས་ཕུག་ལུ་ བཟོ་གྲྭ་ཞབས་ཏོག་ལྟེ་བའི་ལཱ་ བཤོལ་འགྱངས་ལུས་པའི་དཀའ་ངལ།

༉ དགེ་ལེགས་ཕུག་ཁྲོམ་སྡེ་གིས་ བཟོ་གྲྭ་ཞབས་ཏོག་ལྟེ་བ་ གཞི་བཙུགས་འབད་ནིའི་དོན་ལུ་ ལཱ་འབད་དེ་ ལོ་༢ དེ་ཅིག་ལང་རུང་ ས་ཁོངས་གོང་འཕེལ་གྱི་ ལས་སྣ་མ་གཏོགས་ ལཱ་གི་གྲུབ་འབྲས་ དེ་ཅིག་ར་ ཐོན་མ་ཚུགསཔ་ཨིན་པས།

བཟོ་གྲྭ་ཁང་གི་དོན་ལུ་ ས་ཆ་བགོ་བཀྲམ་གྱི་ལཱ་ཚུ་ དུས་ཅི་ སྤྱི་ཟླ་དང་པ་ལས་ འགོ་བཙུགས་ཡོདཔ་ལས་ ད་ལྟོ་ ས་ཆ་གླ་ཁར་ལེན་མི་༦༠ དེ་ཅིག་གིས་ གཞི་རྟེན་མཐུན་རྐྱེན་ གཞི་བཙུགས་ཀྱི་དོན་ལུ་ བཟོ་བཀོད་ཚུ་ ཁྲོམ་སྡེའི་ཡིག་ཚང་ནང་ བཙུགས་ཡོདཔ་ཨིན་པས།

ཁྲོམ་སྡེ་གོང་འཕེལ་སྡེ་ཚན་གྱིས་ ད་ལྟོ་ བཟོ་བཀོད་ཚུ་ བདེན་དཔྱད་འབད་དོ་ཡོདཔ་ད་ སྡེ་ཚན་འགོ་དཔོན་ འཇིགས་མེད་ཚེ་རིང་གིས་ སླབ་མིའི་ནང་ བདེན་དཔྱད་དེ་ གོ་རིམ་བཞིན་དུ་སྦེ་ འབད་དོ་ཡོདཔ་ལས་ ད་རེས་ཀྱི་ཟླཝ་ནང་ མཇུག་བསྡུ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།

བཟོ་གྲྭ་ལྟེ་བའི་ནང་ གཞི་རྟེན་མཐུན་རྐྱེན་ བཟོ་སྐྲུན་གྱི་ལཱ་དེ་ སྤྱི་ལོ་༢༠༡༨ ཟླ་༡ པ་ལས་ འགོ་བཙུགས་ནི་བཟུམ་ཡོདཔ་ད་ ས་ཆ་ཨེ་ཀར་༡༡༡.༥ ཡོད་མི་ལས་ ད་ལྟོ་ འཁོར་ལམ་ཚུ་ ཆུ་གིས་ ཧོག་ཀ་བཏོན་ཡོད་མི་ལུ་བརྟེན་ ས་ཆ་ཨེ་ཀར་༤༦.༤ མ་གཏོགས་ གླ་ཁར་མ་བྱིན་ཟེར་ཨིན་པས།

བཟོ་གྲྭ་ལྟེ་བའི་དོན་ལུ་ ས་ཚན་༡༡༠ ཡོད་མིའི་ནང་ སྣུམ་འཁོར་བཅོ་ཁང་༢༦ དང་ བཟོ་བཅོས་ཁང་༣༥ དོས་བཞག་ས་༡༥ འགྲེམས་སྟོན་ཁང་༡༣ སྣུམ་འཁོར་འཁྱུ་ས་༨ གཞི་བཙུགས་འབད་ནི་ཨིནམ་མ་ཚད་ ས་ཚན་༣ དེ་ ཞབས་ཏོག་ལྟེ་བའི་དོན་ལུ་ བཞག་ཡོདཔ་ཨིན་པས།

ཁྲོམ་སྡེ་བཟོ་བཀོདཔ་ ཆོས་འཕེལ་རྡོ་རྗེ་གིས་ སླབ་མིའི་ནང་ ས་ཚན་༦ ཡོད་མི་དེ་ ཁྲོམ་སྡེ་གིས་ སྣུམ་འཁོར་བཅོ་ཁང་ཚུ་ སྣུམ་འཁོར་དང་འབྲེལ་བའི་ མར་ཁུ་བཀྲམ་སྤེལ་ཁང་ བཟོ་ནིའི་དོན་ལུ་ བཞག་ཡོད་ཟེར་ཨིན་པས།

ཁྲོམ་སྡེ་གིས་ ས་ཚན་ཚུ་ བགོ་བཀྲམ་འབད་ནི་ལུ་ ཡུན་འགྱངས་ལུས་མི་དེ་ ས་ཚན་ཆེ་ཆུང་དང་ ས་ཆ་གླར་སྤྱོད་ཀྱི་ གོང་ཚད་གཏན་འཁེལ་མེད་མི་ལུ་བརྟེན་ མི་ཚུ་གིས་ ངོས་ལེན་འབད་མ་བཏུབ་ཨིན་པས།

མ་གཞི་ ཁྲོམ་སྡེ་གིས་ འགོ་ཐོག་ ས་ཆ་ཌིས་༣༥ དེ་ སྣུམ་འཁོར་བཅོ་ཁང་གི་དོན་ལུ་ བཞག་ཡོད་རུང་ ཤུལ་ལས་ ཌིས་༥༠ ལུ་ ཡར་སེང་འབད་ཡོདཔ་བཞིན་དུ་ སྣུམ་འཁོར་བཅོ་ཁང་ གཞི་བཙུགས་འབད་ནི་ལུ་ ས་ཆ་ཆུང་སོཔ་ལས་ ས་ཆ་གླར་སྤྱོད་ལེན་མི་ཚུ་གིས་ ངོས་ལེན་འབད་མ་བཏུབ་པར་ ཉོགས་བཤད་བཀོད་མི་ལུ་བརྟེན་ ཌིས་༨༠ ལུ་ ཡར་སེང་འབད་ཡོདཔ་ཨིན་པས།

བཟོ་གྲྭ་ཁང་ཞབས་ཏོག་ལྟེ་བའི་ ས་ཚན་དེ་ བསྐྱར་བཟོ་འབད་བའི་སྐབས་ ས་ཚན་༡༦༠ ལས་༡༡༠ ལུ་ མར་བབས་སོང་ཡོདཔ་ད་ ཧེ་མ་ ཁྲོམ་སྡེའི་ས་ཚན་ གླ་ཁར་ལེན་མིའི་གོང་ཚད་དེ་ ས་ཆ་ཕིཊ་གྲུ་བཞི་ལུ་ དངུལ་ཀྲམ་༤༢ བཀལ་མི་ལུ་ མི་མང་ཤོས་ཅིག་གིས་ ངོས་ལེན་འབད་མ་བཏུབ་ལས་ ད་རེས་ དངུལ་ཀྲམ་༤ ལུ་ མར་ཕབ་འབད་ཡོདཔ་ཨིན་པས།

ཁྲོམ་སྡེ་གིས་ སྤྱི་ཟླ་༩ པའི་ནང་ ས་ཆ་གླ་ཁར་ལེན་མི་༡༢ ལུ་ ས་ཚན་ཚུ་ ཁ་རྗེ་རྒྱན་ཤོག་ཐོག་ལས་ བགོ་བཀྲམ་འབད་ནུག།

ཆོས་འཕེལ་རྡོ་རྗེ་གིས་ སླབ་མིའི་ནང་ ད་ལྟོ་ བཟོ་གྲྭ་ཞབས་ཏོག་ལྟེ་བའི་ གཞི་རྟེན་གོང་འཕེལ་གྱི་ལས་སྣ་དེ་ ནང་འཁོད་ཀྱི་ འཁོར་ལམ་དང་ བཙོག་གཡུར་ འཐུང་ཆུ་བཀྲམ་སྤེལ་གྱི་ལཱ་ཚུ་ མཇུག་བསྡུ་ཡོདཔ་མ་ཚད་ ལྟེ་བའི་ནང་ འཐུང་ཆུ་བགོ་བཀྲམ་འབད་ནིའི་དོན་ལུ་ ལི་ཊར་༢༥༢,༠༠༠ ཤོང་ཚད་ཡོད་མི་ ཆུའི་ཊེང་ཅིག་ཡང་ རྐྱབ་ཡོད་ཟེར་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

གསོ་རིག་གཙུག་ལག་སློབ་སྡེའི་ ལྕོགས་གྲུབ་གོང་འཕེལ་གཏང་ནི་ལུ་ གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོདཔ།

༉ སྤྱི་ཟླ་༡ པའི་ཚེས་༣༠ ལུ་ གསོ་བའི་ཤེས་ཡོན་ལས་རིམ་ ཡར་དྲག་གཏང་ནི་ནང་ གསོ་བ་ལྷན་ཁག་དང་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་༢ མཉམ་འབྲེལ་གོང་འཕེལ་གཏང་ནིའི་དོན་ལུ་ གོ་བརྡའི་ཆིངས་ཡིག་ཅིག་གུ་ མཚན་རྟགས་བཀོད་ཡོདཔ་ཨིན་པས། གོ་བརྡའི་ཆིངས་ཡིག་ཅིག་གི་ དམིགས་ཡུལ་དེ་ཡང་ གསོ་བའི་ལས་བྱེདཔ་ཚུ་ལུ་ འཇོན་ཐངས་ཅན་དང་ …

Leave a Reply

Your email address will not be published. Required fields are marked *