གླངམོ་ཆེ་གིས་ གནོདཔ་བལ་མི་ བྱཱ་ཞིང་ཚུ།

དགེ་ལེགས་ཕུག་ལུ་ གླངམོ་ཆེ་གིས་ བྱཱ་ཞིང་ཚུ་ གནོདཔ་བཀལ་བའི་དཀའ་ངལ།

༉ སྐྱེས་ལོ་༤༣ ལང་མི་ ལི་ལ་དེ་བི་ དའུ་ར་ལི་གིས་ ལོ་བསྟར་བཞིན་དུ་ ཆུ་ཞིང་ཌེ་སི་མཱལ་༨༠ ལས་ རེད་ཀེ་ཇི་༡,༠༠༠ རེ་ བསྡུ་དོ་ཡོད་རུང་ དུས་ཅི་ རེད་བསྡུ་ནི་མ་འཐོབ་པའི་ ཚ་གྱང་ལང་མི་དེ་ཡང་ སྤྱི་ཟླ་༩ པའི་ཚེས་༡༠ ལུ་ གླངམོ་ཆེ་ཁྱུ་ཅིག་གིས་ གནོདཔ་བཀལ་མི་ལུ་བརྟེན་ཨིན་པས།
ལི་ལ་དེ་བི་ དའུ་ར་ལི་གིས་ སླབ་དོ་བཟུམ་འབད་བ་ཅིན་ བྱཱ་དེ་ཚུ་ དོག་མ་བཏགས་ནི་ འགོ་བཙུགསཔ་ཅིག་ར་ ཟ་ཚར་ནུག་ཟེར་ཨིནམ་ད་ ལོ་ཐོག་གཞན་ཚུ་ཡང་ རྐངམ་གིས་བསྣད་ཚར་ནི་དེ་གིས་ ལོ་༡ གི་གྲུབ་འབྲས་དེ་ ནུབམོ་༡ ནང་ར་ རྫོགས་སོ་ཡི་ཟེར་ཨིན་པས།
གླངམོ་ཆེ་ཁྱུ་སྦེ་ འོང་པའི་བསྒང་ལས་ གནོད་སྐྱོན་དེ་ཡང་ སྦོམ་སྦེ་ར་ རྐྱབ་མས་ཟེར་ཨིནམ་ད་ འདི་ལས་ལྷག་པའི་ སེམས་ཕམ་དགོཔ་ཅིག་ ག་ཅི་ཡང་ མིན་འདུག་ཟེར་ཨིནམ་ད་ ཧེ་མ་ཡང་ གླངམོ་ཆེ་ཚུ་གིས་ མོ་གི་ ཞིང་ནང་འཛུལ་ཡོད་རུང་ གནོད་སྐྱོན་དུམ་གྲ་ཅིག་ལས་བརྒལ་ མ་རྐྱབ་ཟེར་ཨིན་པས།
ལི་ལ་གི་ཁྱིམ་ཚང་ མོ་ནུ་རཌ་ ཀ་ཊེལ་གྱི་ ཆུ་ཞིང་ཌེ་སི་མཱལ་༣༠ དེ་ཅིག་ དེ་ཚེ་ནུབ་མོར་ གླངམོ་ཆེ་ཚུ་གིས་ གནོདཔ་བཀལ་ཡོདཔ་ད་ ཁོ་གིས་ སླབ་མིའི་ནང་ གླངམོ་ཆེ་ཁྱུ་སྦེ་ འོང་པའི་སྐབས་ བདའ་གཏང་ནི་རྐྱངམ་གཅིག་མ་གཏོགས་ གཞན་ག་ནི་ཡང་ འབད་མི་ཚུགས་པས་ཟེར་ཨིན་པས།
ལོ་བསྟར་བཞིན་དུ་ ཆུ་ཞིང་ཨེ་ཀར་༡ ནང་ འཛུགས་སྐྱོང་འབད་མིའི་ ཐོན་སྐྱེད་དེ་ རྩིས་རྐྱབ་ད་ ཆུ་ཞིང་ཌེ་སི་མཱལ་༣༠ གནོདཔ་བཀལ་མི་དེ་ནང་ རེད་ཀེ་ཇི་༥༠༠ དེ་ཅིག་ མེདཔ་བཏང་ཡོདཔ་ལས་ གྱོང་རྒུད་སྦོམ་ ཕོག་ཅི་ཟེར་ཨིནམ་ད་ འབྱ་བསྣད་བཏང་མི་ཚུ་ཡང་ དོག་མ་བཏག་ནིའི་ རེ་བ་ཡོད་ཟེར་ མོ་ནུ་རཌ་གིས་ བཤདཔ་ཨིན་པས།
དེ་ཚེ་ནུབ་མོར་ གླངམོ་ཆེ་ཚུ་གིས་ སོ་ནམ་པ་གཞན་༤ གི་ ཆུ་ཞིང་ཚུ་ཡང་ མེདཔ་བཏང་མི་བརྩིསཝ་ད་ ཆུ་ཞིང་བསྡོམས་ཨེ་ཀར་༢ མེདཔ་བཏང་ཡོདཔ་བཞིན་དུ་ གནོད་སྐྱོན་མང་ཤོས་ར་ དཔལ་རི་ཐང་-ཁ་སྟོད་གཡུས་ཚན་དང་ ཤེ་ཏི་ཁ་རི་ས་ཁོངས་ཚུ་ནང་ བྱུང་ནུག།
དགེ་ལེགས་ཕུག་རྒེད་འོག་གིས་ བརྡ་དོན་བསྡུ་ལེན་འབད་མི་དང་འཁྲིལཝ་ད་ དེ་གི་ཧེ་མ་ཡང་ གླངམོ་ཆེ་ཚུ་གིས་ དོག་མ་དང་ ངང་ལག་ཤིང་ཚུ་ལུ་ གནོདཔ་བཀལ་ཡོདཔ་བཞིན་དུ་ ལས་སྐྱིད་ཐང་ལུ་ དོག་མ་ཤིང་༢༤ དེ་ཅིག་ དང་ ལས་སྐྱིད་ཐང་ དེ་ལས་ པདྨ་ཐང་ལུ་ ངང་ལག་ཤིང་༤༢ དེ་ཅིག་ མེད་བཏང་ནུག་ཟེར་ཨིན་པས།
ནགས་ཚལ་གླིང་འཛིན་འགོ་དཔོན་ སེངྒེ་དབང་ཕྱུག་གིས་ སླབ་མིའི་ནང་ གླངམོ་ཆེ་ཁྱུ་༤ དེ་ཅིག་གིས་ ཧ་ལམ་ གསར་སྤང་གི་ རྒེད་འོག་ག་རའི་ནང་ འཛུལ་ནུག་ཟེར་ཨིནམ་ད་ མི་ཚུ་ལུ་ དྲན་པ་བཏོན་དགོ་པའི་ གོ་བརྡ་སྤྲོདཔ་མ་ཚད་ ཡིག་ཚང་གི་ཁ་ཐུག་ལས་ གླངམོ་ཆེ་ཚུ་ བདའ་གཏང་ནིའི་ ཐབས་ཤེས་བཏོན་དོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གཡུས་མི་ཚུ་ལུ་ རྒྱབ་སྐྱོར་འབད་ཐབས་ལུ་ ནུབ་མོར་ ཨ་རྟག་ར་ བསྐོར་སྲུང་འབད་ནིའི་དོན་ལུ་ མཚོན་ཆ་དང་སྦྲགས་ཏེ་ ལས་བྱེདཔ་ཉུང་ཤོས་༤ དེ་ཅིག་ དགོ་པས་ཟེར་ཨིནམ་ད་ ད་ལྟོ་ གནས་སྟངས་དེ་ ལཱ་ཁག་ཡོདཔ་ལས་ བདའ་གཏང་ནི་གཅིག་ལས་བརྒལ་ གཞན་འབད་མི་ཚུགས་པས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གླངམོ་ཆེ་ཚུ་ བདའ་གཏང་པའི་སྐབས་ འགྱོ་མི་བཏུབ་དོ་ཡོདཔ་ད་ དཀའ་ངལ་དེ་ རྒྱལ་ཡོངས་ཀྱི་ གནད་དོན་ཅིག་འབདཝ་ལས་ ག་ཅི་འབད་ནི་ཨིན་ན་ མི་ཤེས་པས་ཟེར་ཨིན་པས།
གླངམོ་ཆེ་ཚུ་ ཞིང་ནང་འོང་མི་ལུ་བརྟེན་ སོ་ནམ་པ་ཚུ་ ནུབ་མོར་ཞག་ཡང་མ་ཉལ་བར་ ཁོང་རའི་ལོ་ཐོག་ཚུ་ བསྲུང་བཞིན་དུ་ ཡོདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

About admin

Check Also

ཁྲག་ཤུགས་བརྟག་དཔྱད་དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་ གྲོགས་རམ་སྦེ་བྱིན་ཡོདཔ།

༉ ཁ་ཙ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་དང་ ཇ་པཱན་ལུ་ཡོད་པའི་ ཀི་ཡོ་ཊོ་མཐོ་རིམ་སློབ་གྲྭ་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ བཀྲིས་སྒང་རྫོང་ཁག་གི་དོན་ལུ་ ཉེ་བར་མཁོ་བའི་ གསོ་བའི་ཅ་ཆས་ཚུ་ གྲོགས་རམ་སྦེ་བྱིན་ཡོདཔ་ཨིན་པས།ཨང་གནས་ཐོག་ལས་ ཁྲག་ཤུགས་བརྟག་དཔྱད་འབད་མི་ འཕྲུལ་ཆས་༥༦ དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་༦༡ …

Leave a Reply

Your email address will not be published. Required fields are marked *